གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་ཞེས་པའི་དཔེ་ཚོགས་པར་བསྐྲུན་བྱས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-03-20

གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་ཞེས་པའི་དཔེ་ཚོགས་པར་བསྐྲུན་བྱས།

                                                                  《གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》དཔེ་ཚོགས།
ལན་ཀྲུའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་འབྲུག་ཐར་ལགས་དང་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《ཀན་སུའུ་ཏཱང་ཁྲེང་རྫོང་བོད་པའི་དུད་ཚང་དུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》(དཔེ་ལག30)ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་རེད།དཔེ་ཚོགས་འདི་ནི་མིག་སྔའི་བར་དུ་འཚོལ་རྙེད་བྱུང་བའི་ཆེས་ཆ་ཚང་བ་དང་ཆེས་སྔ་བའི་བོན་བསྟན་གྱི་བསྟན་བཅོས་ཤིག་ཡིན་ཞིང་།ཁྱོན་བསྡོམས་ཡིག་ཆ31དང་ནང་གསེས་སུ་པོད560ཡོད་ལ།ཀན་སུའུ་ཏཱང་ཁྲེང་གི་ཡུལ་ཚོ་འགའི་བོད་མིའི་དུད་ཚང་དུ་བསྡུ་ཉར་བྱས་ཡོད་པ་རེད།ཆེད་མཁས་པའི་གསལ་འབྱེད་བྱས་པ་ལྟར་ན་ཡིག་ཆའི་ཁྲོད་དུ་ཡིག་རྙིང་མ་བྱུང་སྔོན་གྱི་འདྲ་གཟུགས་ཡི་གེ་དང་ཡ་ཐོག་ཞང་ཞུང་གི་ཡི་གེ་བཀོད་འདུག་ཅིང་། སྲོལ་རྒྱུན་གྱི་དཔེ་རྙིང་སྣ་རིང་ལྟར་དཔར་འདུག  ནང་དོན་ལ་བོན་པོའི་ཆོས་དཔེ་དང་། སྔགས་ཡིག གནས་རིའི་མཆོད་བསྟོད།ཡ་ཐོག་ཞང་ཞུང་གི་དུས་སུ་བོད་ཀྱི་མེས་པོའི་སྤྱི་ཚོགས་འཚོ་བ། དམངས་སྲོལ་སོགས་བཀོད་ཡོད།ཡི་གེ་དང་ནང་དོན་སོགས་ཀྱི་ཐད་ནས་དཔྱད་པ་ལྟར་ན་དུས་རབས5བ་དང6པའི་སྔོན་གྱི་བོན་པོའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་རེད།

གནའ་བོའི་བོན་གྱི་ཡི་གེ་རིག་མཛོད་ཞེས་པའི་དཔེ་ཚོགས་པར་བསྐྲུན་བྱས།

《གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》དཔེ་ཚོགས།

ཡིག་ཆ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་གསུམ་ལྡན་པ་སྟེ།གཅིག་ནི་ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པ།གཉིས་ནི་ཡིག་རིགས་མང་ཆེ་ཤས་བསྡུས་ཡིག་ཡིན་པས་ངོས་འཛིན་དཀའ་ཞིང་།བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་རྒྱ་བསྐྱེད་པར་རིན་ཐང་དོད་པོ་ལྡན་པ།གསུམ་ནི་རྟོགས་དཀའ་བའི་བོན་བསྟན་གྱི་མཚོན་རིས་མང་དུ་བཀོད་འདུག་ལ།དེ་དག་བོན་པོའི་མཆོད་སྦྱིན་གྱི་ནང་དོན་གཙོ་བོ་ཡིན་མོད་ཀྱང་།དེའི་བསྟན་བྱ་དང་སྤྱོད་ཐབས་སོགས་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱ་དགོས། ཡིག་ཆ་འདི་འཚོལ་རྙེད་བྱུང་རྗེས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཁྱབ་ཁོངས་དང་སྨྱན་བྱད་ཀྱི་དོ་སྣང་ཆེན་པོར་བྱས་ལ།ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་དང་བོད་རིག་པའི་ཆེད་མཁས་པ་དཔལ་འབར་རྡོ་རྗེ་ལགས་སོགས་ཀྱི་བཞེད་པ་ལྟར་ན། འདི་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་རིག་པ་དང་།ཡི་གེ་རིག་པ།ཆོས་ལུགས་རིག་པ།དམངས་སྲོལ་རིག་པ་སོགས་ཞིབ་འཇུག་བྱེད་པའི་རྒྱུ་ཆའི་བང་མཛོད་ཞིག་ཡིན་པར་འདོད། ཨ་རི་དང་། འཇར་པན། འཇར་མན།དབྱི་ཐ་ལི།ཧྥ་རན་སི་སོགས་རྒྱལ་ཁབ་མང་པོའི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཀྱིས་དཔེ་ཚོགས་འདིའི་པར་སྐྲུན་ལ་ཐུགས་ཁུར་རྒྱ་ཆེན་པོ་བྱེད་བཞིན་ཡོད་པ་རེད།དཔེ་ཚོགས་འདི་ནི་བསྐལ་བ་སྟོང་དུ་རྙེད་དཀའ་བའི་རིག་གཞུང་གི་སྨིན་འབྲས་ཤིག་ཡིན་ཞིང་།འདིས་ཟོང་ཆེན་འབུམ་གྱིས་ཀྱང་མུ་ཁུག་པའི་བོད་མི་རིགས་ཀྱི་གདོད་མའི་དུས་རབས་ཀྱི་བསམ་པའི་ཤུལ་བཞག་རིག་གནས་ཤིག་རྒྱུན་འཛིན་བྱས་ཡོད་གཤིས།རིག་དངོས་ཀྱི་རིན་ཐང་དང་།ལོ་རྒྱུས་ཀྱི་རིན་ཐང་།རིག་གཞུང་གི་རིན་ཐང་བཅས་གཞལ་ཡས་པ་ལྡན་པ་ནི་སྨོས་མ་དགོས་སོ།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ལྡེབས་རིས་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ཟབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:གླུ་བ་བཀྲ་ཤིས་ཉི་མའི་གླུ་གཞས་གསར་བ་སྤྲིན་པའི་ཁྲོད་ཀྱི་གདང་ལ་ཞེས་པ་འགྲེམ་སྤེལ་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།