ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2012-06-06

ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ།

ཟླ6ཚེས1ཉིན་གྱི་སྔ་དྲོ་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དེ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང་བྱམས་པ་ཕུན་ཚོགས་དང་།པད་མ་འཕྲིན་ལས།དབྱང་ཅིན་ཧྲན།ཅིན་ཧྲུའུ་པོ།ཆེ་དགྲ་ལྷ།ཏེང་ཞའོ་ཀང་།ཏུང་ཡུན་ཧུའུ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འགོ་ཚུགས་མཛད་སྒོར་ཕེབས་ཤིང་།འདི་ནི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་མཉམ་དུ་གདོང་ལེན་རུ་ཁག་གི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པའི་གནས་ཚུལ་ཡིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས1ཉིན་གྱི་སྔ་དྲོ་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།

བྱམས་པ་ཕུན་ཚོགས་དང་།པད་མ་འཕྲིན་ལས།དབྱང་ཅིན་ཧྲེན།ཅིན་ཧྲུའུ་པོ།ཆེ་དགྲ་ལྷ།ཏེང་ཞའོ་ཀང་།ཏུང་ཡུན་ཧུའུ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཧའོ་ཕུང་གིས་ཤིས་ཚིག་གསུངས་པ་རེད།

ཧའོ་ཕུང་གིས་ཤིས་ཚིག་གསུངས་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་དང་།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན།གཟེངས་བསྟོད་ཐོབ་མཁན“ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་བཟང་པོ་བཅུ”དང“ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མིའི་ཟུར་ཁྲིད་པ་བཟང་པོ་བཅུ”དང“ལྗོངས་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་མཉམ་སྡེབ”བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས།རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་བཅས་ཞུས་གནང་བ་རེད།ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ལོ་ཆུང་བྱིས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལོ་ཆུང་བྱིས་པའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ཇུས་གཞི་རབ་དང་རིམ་པ་བཟོས་པ་དང་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་བ་བྱས་ཡོད།ད་ཕན་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་རང་འགུལ་ངང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམས་པ་བྱས་ཏེ་ཡང་དག་པའི་བསམ་བློར་བརྟེན་ནས་ལོ་ཆུང་བྱིས་པའི་བློ་སྒོ་འབྱེད་པ་དང་།སྔོན་ཐོན་རིག་གནས་ལ་བརྟེན་ནས་ལོ་ཆུང་བྱིས་པ་ཚོར་བག་ཆགས་ཟབ་མོ་འཇགས་པ་བྱེད་པ།གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་ལོ་ཆུང་བྱིས་པ་ཚོར་སྦྱོང་བརྡར་སྤྲོས་པ་བཅས་མཐའ་འཁྱོངས་བྱས་ཏེ་ལོ་ཆུང་བྱིས་པ་ཚོ་སྐྱོན་བྲལ་དང་བདེ་སྐྱིད་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཉམས་མངོན་ཡོད་ཅེས་གསུངས་པ་རེད།

ཧའོ་ཕུང་གིས་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་རེ་བ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་མཁན་གསོན་ཤུགས་དམག་ཅིག་ཀྱང་ཡིན།ཚང་མས་ཏང་གི་སློབ་སྟོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་།མི་དམངས་ལ་དགའ་ཞེན།ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན།སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན།མཛེས་སྡུག་ལྡན་པའི་བོད་ལྗོངས་ལ་དགའ་ཞེན་བཅས་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱས་ནས་ཤེས་བྱར་སྦྱང་བརྩོན་དང་།གཟུགས་པོར་སྦྱོང་བརྡར།ཞུམ་མེད་སྙིང་སྟོབས་འཕེལ་བ་བཅས་བྱས་ཐོག་ཀུན་སྤྱོད་དང་།བློ་སྟོབས།ལུས་རྩལ།མཛེས་རིས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཕེལ་རྒྱས་དང་ཡར་ཐོན་ཆེད་དང་མེས་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

བྱམས་པ་ཕུན་ཚོགས་དང་།པད་མ་འཕྲིན་ལས།ཧའོ་ཕུང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་མཁན“ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མི་བཟང་པོ་བཅུ”དང“ལྗོངས་ཡོངས་ཀྱི་ལོ་ཆུང་གདོན་ལེན་རུ་ཁག་གི་ཟུར་ཁྲིད་པ་བཟང་པོ་བཅུ”དང“ལྗོངས་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་མཉམ་སྡེབ”བཅས་ལ་བྱ་དགའ་གནང་བ་དང“ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ལྷན་གྱི་ལོ་ལྔའི་ལས་ཀའི་གྲུབ་འབྲས”པར་འགྲེམས་ནང་ཞུགས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་དང་།ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་འཐུས་མི།ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པའི་འཐུས་མི་བཅས་དང་པར་ཡང་བསྐྱོན་གནང་བ་རེད།

དེ་རྗེས་སྤེལ་བའི“ལོ་ཆུང་གཞོན་ནུའི་སེམས་པ་ཏང་ལ་ཕྱོགས།གདོང་ལེན་ལ་སློབ་སྦྱོང་དང་།མིག་དཔེ་བྱེད་པ།བཟང་པོ་བཞི་བརྩོན་ལེན”བཅས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བརྗོད་བྱ་གཙོ་བོའི་རུ་ཚོགས་ཀྱི་བྱེད་སྒོའི་ཁྲོད་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་དང་ཏུང་ཡུན་ཧུའུ་སོགས་འགོ་ཁྲིད་ཀྱིས་གཟིགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།རང་སྐྱོང་ལྗོངས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་ཡུན་ཉིན་ཕྱེད་ཡིན་པ་དང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ལོ་ཆུང་གཞོན་ནུའི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཕྱོགས་སྡོམ་དང་སླད་ཕྱིན་ལོ་ལྔའི་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་འགན་གཙོ་བོ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་དུས་མཚུངས་ལོ་ཆུང་གདོང་ལེན་རུ་ཁག་གི་བོད་རང་སྐྱོང་ལྗོངས་སྐབས་ལྔ་པའི་ལས་དོན་ཨུ་ལྷན་དང་དེ་བཞིན་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་བདམས་ཐོན་བྱུང་བ་རེད།  ། 

  • ལེ་ཚན་སྔོན་མ།:བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པའི་རྗེས་དྲན་བྱ་འགུལ་ཟི་ལིང་དུ་ཚོགས་པ།
  • ལེ་ཚན་རྗེས་མ།:དམའ་འབྲིང་གྲངས་རིག་སྐོར་གྱི་དཔེ་དེབ་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།