ལྷོ་ཁ་ས་ཁུལ་གྱིས་ཚན་རིག་དང་མཐུན་པར་རིགས་སོ་སོའི་སློབ་གསོ་སྤེལ་བ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-03-09

ལྷོ་ཁ་ས་ཁུལ་གྱིས་ཚན་རིག་དང་མཐུན་པར་རིགས་སོ་སོའི་སློབ་གསོ་སྤེལ་བ།
སློབ་མ་རྣམས་ཀྱིས་རྩིས་འཁོར་སློབ་སྦྱོང་བྱེད་བཞིན་པ།

ལྷོ་ཁ་ས་ཁུལ་གྱིས་ཚན་རིག་དང་མཐུན་པར་སློབ་སྔོན་སྐད་གཉིས་སློབ་གསོ་དང་། འགན་བབས་སློབ་གསོ། མཐོ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་གོང་དུ་སྤེལ་ནས་ཕན་འབྲས་མངོན་སུམ་ཐོན་པ་རེད།
  སློབ་སྔོན་སྐད་གཉིས་སློབ་གསོ་སྤེལ་བ་སྟེ། 2011ལོར་ལྷོ་ཁ་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་བཅོས་སྒྱུར་ཚོད་ལྟའི་ཁུལ་གྱི་ལས་གཞི་སྤེལ་ནས་སྣེ་གདོང་རྫོང་ཁོངས་སུ་ཞང་གྲོང་ཆ་ཚང་སློབ་ཆུང8དང་ཞོར་དུ་བྱིས་སྐྱོང་ཁང་འཛུགས་པའི་བཟོ་གྲྭ་ལག་ཏུ་བསྟར་པ་རེད། མིག་སྔར་ས་ཁུལ་ཡོངས་སུ་གྲ་སྒྲིག་འཛིན་གྲྭ་དང་བྱིས་སྐྱོང་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་བྱིས་པ5522དང་། རོང་འབྲོག་ཁུལ་གྱི་སློབ་སྔོན་ལོ་གཉིས་ཀྱི་བྱིས་པའི་སློབ་ཞུགས་རགས་ཚད58.28%། གྲོང་རྡལ་གྱི་སློབ་སྔོན་ལོ་གསུམ་གྱི་བྱིས་པའི་སློབ་ཞུགས་རགས་ཚད80%ཟིན་པ་རེད།
  འགན་བབས་སློབ་གསོ་དོ་མཉམ་སྒོས་སྤེལ་བ་སྟེ། ལྷོ་ཁ་ས་ཁུལ་གྱིས“རྫོང་ཁག་གཙོར་འཛིན”གྱི་སློབ་གསོའི་དོ་དམ་ལམ་ལུགས་དང་སྡེ་བའི་འགན་བབས་སློབ་གསོའི་འགྲོ་གྲོན་འགན་སྲུང་ནང་རྐྱེན་ལག་བསྟར་བྱས་ཤིང་། འགན་བབས་སློབ་གསོ་སློབ་གྲྭའི་ཚད་ལྡན་ཅན་འཛུགས་སྐྲུན་བྱས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་། སྒྲིག་གཞི། དཔེ་དེབ། མལ་ཁང་སོགས་ཀྱི་ཐོན་ཁུངས་དོ་མཉམ་སྒོས་བསྒྲིགས་པར་མ་ཟད། མཐའ་མཚམས་ཀྱི་རྫོང་དང་སློབ་གྲྭའི་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་བཅོས་སྒྱུར་ནུས་ཤུགས་ཆེ་རུ་བསྐྱེད་དེ་རྫོང་ཁག་དང་སློབ་གྲྭ་ཕན་ཚུན་བར་གྱི་སློབ་སྒྲུབ་ཆ་རྐྱེན་དང་སློབ་གསོའི་ཐོན་ཁུངས་གྱི་བར་ཐག་ཇེ་ཐུང་དུ་བཏང་བས་འགན་བབས་སློབ་གསོ་དོ་མཉམ་སྒོས་སྤེལ་ཐུབ་པ་བྱུང་།
  མཐོ་འབྲིང་སློབ་གསོ་མགྱོགས་མྱུར་སྒོས་ཁྱབ་བརྡལ་དུ་བཏང་བ་སྟེ། དམའ་འབྲིང་སློབ་མས་མཐོ་འབྲིང་རིམ་པའི་སློབ་གསོ་མྱོང་བའི་མཁོ་འདོད་ཚིམས་པར་བྱེད་ཆེད་མཐོ་འབྲིང་གསུམ་པ་གསར་བསྐྲུན་བྱེད་པར་གྲ་སྒྲིག་ལེགས་པོ་བྱས་ཤིང་། སློབ་མའི་ཕུགས་བསམ་དང་། སེམས་ཁམས། སློབ་སྦྱོང་སོགས་ཀྱི་ཐད་ལ་སློབ་སྟོན་ལེགས་པོ་བྱས་ཏེ་མཐོ་འབྲིང་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱས། མིག་སྔར་ས་ཁུལ་དེ་གར་མཐོ་འབྲིང་གཉིས་དང་སློབ་གྲྭར་སྡོད་པའི་སློབ་མ9060ཡོད་པ་རེད།
  ལས་རིགས་སློབ་གསོ་ཤུགས་ཆེར་སྤེལ་བ་སྟེ། རྒྱལ་ནང་གི་བོད་ལྗོངས་འཛིན་གྲྭའི་འབྲིང་རིམ་ལས་རིགས་སློབ་མ628བསྡུ་བའི་བྱ་བ་ལེགས་པོར་བསྒྲུབས་པ་དང་། རྫོང་སོ་སོའི་ལས་རིགས་སློབ་གསོ་ལྟེ་གནས་དང་སྦྱོང་བརྡར་གཞི་གནས་བེད་སྤྱད་དེ་ལས་རིགས་སློབ་མའི་ལག་རྩལ་གསོ་སྦྱོང་ཇེ་ལེགས་སུ་བཏང་ལ། མིག་སྔར་ས་ཁུལ་དེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ1དང་། རྫོང་དང་སློབ་འབྲིང་སོ་སོར་ལས་རིགས་སློབ་གསོ་ལྟེ་གནས་དང་སྦྱོང་བརྡར་གཞི་གནས་བཙུགས་ཡོད་པ་རེད།
  དམིགས་བསལ་སློབ་གསོར་དོ་སྣང་ཆེན་པོ་བྱས་པ་སྟེ། ས་ཁུལ་དེ་གའི་དམིགས་བསལ་སློབ་གསོ་སློབ་གྲྭའི་ལས་གཞིའི་གྲ་སྒྲིག་བྱ་བ་ལེགས་འགྲུབ་བྱུང་ལ། 《ལྷོ་ཁ་ས་ཁུལ་དམིགས་བསལ་སློབ་གསོ་སློབ་གྲྭའི་དགེ་རྒན་གསོ་སྦྱོང་འཆར་གཞི》གཏན་འབེབས་བྱས་པ་དང་། དམིགས་བསལ་སློབ་གྲྭའི་དགེ་རྒན30ལྷག་ཧུའུ་ནན་ཁྲེང་ཧྲ་དང་ལྷ་སའི་དམིགས་བསལ་སློབ་གྲྭར་སོང་ནས་ལོ་གཅིག་རིང་གི་ཆེད་ལས་གསོ་སྦྱོང་བྱས་པ་རེད། 
 

  • ལེ་ཚན་སྔོན་མ།:བོད་ཀྱི་གླུ་པ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་གཙང་མའི་ཆེད་སྒྲིག་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:ཆོས་དབྱངས་སྐྱིད་ཀྱིས་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ལེགས་འདེམས་འགྲན་བསྡུར་ལ་སྟ་གོན་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།