«བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ»པར་བསྐྲུན་འགྲེམ་སྤེལ་བྱས་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་པོ་བོད་ཡིག་དྲ་བ།    2012-03-09

«བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ»པར་བསྐྲུན་འགྲེམ་སྤེལ་བྱས་པ།
 

«བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ»ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་དཔེ་དེབ་ཅིག་ཡིན་ཞིང་། ལོ་རྒྱུས་སྨྲ་བ་དང་ལོ་རྒྱུས་ལ་སྤྲོ་བས་བརྟས་པའི་སྐྱེས་བུ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཡིག་ཚངས་ཁུངས་མ་ཞིག་ཏུ་འཛིན་གྱིན་ཡོད།

དཔེ་དེབ་འདིའི་ནང་དུ་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་ལོ་རྒྱུས་ཆོས་འབྱུང«སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ»དང་། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་རབ་བྱུང་བཅུ་གཉིས་པའི་ཤིང་གླང(སྤྱི་ལོ1745)ལོར་མཛད་པའི«རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ» ཡང་དེ་ཉིད་ཀྱིས་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(སྤྱི་ལོ1749)ལོར་མཛད་པའི«བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རིས་སྨད་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ»དང«བོད་ཀྱི་རྒྱལ་རབས་གསར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར» དཔའ་ཤོད་གདན་སྤྲུལ་རག་ར་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་རབ་བྱུང་བཅུ་བཞི་པའི་ཆུ་རྟ(སྤྱི་ལོ1822)ལོར་མཛད་པའི«རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན»བཅས་དེབ་ཐེར་ཁག་ལྔ་རུ་འདུས།

ལོ་རྒྱུས་དེབ་ཐེར་འདི་དག་ད་ལྟའི་བར་དུ་པར་བསྐྲུན་བྱས་པའི་དཔེ་རྒྱུན་མཐོང་མི་ཐུབ་པའི་ཁར། བྲིས་མའི་དཔེ་དེབ་དེ་ལས་ཀྱང་དཀོན་པས་རིན་ཐང་གཞལ་དུ་མེད་པའི་རྒྱུ་ཆ་རྐྱང་རྐྱང་ཡིན་ཞིང་། དེབ་ཐེར་འདི་དག་གིས་ཁྲོད་དུ་བོད་ཀྱི་བཙན་པོ་རིམ་བྱོན་བྱུང་ཚུལ་དང་། སྲིད་བསྐྱངས་པའི་ལོ་ཚིགས། མངའ་རིས་སུ་བོད་བཙན་པོའི་གདུང་རྒྱུད་གྱེས་ཚུལ། དུས་རབས་སོ་སོའི་བོད་ཀྱི་སྲིད་དབང་སོགས་ཞིབ་རྒྱས་ངང་བཀོད་ཡོད་པར་མ་ཟད། དོགས་གཞི་ཆེ་བའི་ལོ་རྒྱུས་དོན་རྐྱེན་དག་ལ་ལུང་རིགས་ཅི་རིགས་སྒོས་ཞིབ་འཇུག་མཐིས་ཕྱིན་པ་བྱས་ནས་ཐུན་མོང་མ་ཡིན་པའི་ལྟ་གྲུབ་མངོན་གསལ་དུ་བཏོན་པ་ནི་དེབ་འདིའི་དགེ་མཚན་ཞིག་ཏུ་ལགས་པས། བོད་ཀྱི་ལོ་རྒྱུས་བྱུང་འཕེལ་ལ་ཞིབ་འཇུག་བྱེད་པར་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན།


 

  • ལེ་ཚན་སྔོན་མ།:རང་རྒྱལ་དུ་ད་ལོའི་ལོ་མཇུག་ལ་མྱུར་བགྲོད་ལྕགས་ལམ9ཤར་གཏོང་ཐུབ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་དཔེ་མཛོད་ཁང་དུ་མཛེས་རིས་འགྲེམ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།