མཚོ་སྔོན་བོད་སྐད་རླུང་འཕྲིན 2012-03-06
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཚེས5ཉིན་གྱི་ཕྱི་དྲོར་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཅང་སུའུ་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་གྲོས་གཞི་ལ་དམིགས་ཏེ་ངོས་ཟིན་དང་མྱོར་ཚོར་བརྗོད་པར་མ་ཟད། ཅང་སུའུ་ཞིང་ཆེན་གྱི་དོན་དངོས་དང་འབྲེལ་ཏེ་གནས་ཚུལ་མཚམས་སྦྱོར་དང་འགྱུར་ལྡོག་གླེང་བ་དང་། མ་འོངས་པའི་འཕེལ་རྒྱས་གཞིར་བཟུང་ནས་འཆར་གཞི་དང་གྲོས་གཞི་བཏོན། ལོ་ཀྲི་ཅོན་དང་ལིས་ཞེའོ་ཡུང་། ཁྲིན་ལིས་ཧྥུན། ཁི་ཅོན། ཝུའུ་ཅི་ཅོན་སོགས་འཐུས་མི་བཅུ་ཡིས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ། ཕུལ་བྱུང་གི་གསར་སྐྲུན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བཏོན་པ་དང་། ཧུའུ་ཅིན་ཐའོ་ཡིས་གསན་ཞོར་དུ་ཟིན་བྲིས་བཀོད་པར་མ་ཟད་དུས་ངེས་མེད་དུ་འཐུས་མི་རྣམས་དང་མཉམ་དུ་བསམ་འཆར་བརྗེ་རེས་མཛད།
སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་བར་མ་ཟད་སྲིད་གཞུང་བྱ་བའི་སྙན་ཞུ་ལ་འཐད་པའི་ཚུལ་བསྟན། ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་བ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་འཛིན་པ། ཚན་རིག་གི་འཕེལ་རྒྱས་ལྟ་བ་དངོས་འབེབས་བཟང་བོ་བྱས་ཏེ་མུ་མཐུད་དུ་བརྗོད་བྱ་གཙོ་བོ་གསལ་བོར་ཤེས་པར་བྱེད་པ་དང་། གསར་གཏོད་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས་ཟེར། ཁོང་གིས་ཅང་སུའུ་ཞིང་ཆེན་གྱིས་ས་ཆ་རང་གི་ཁྱད་སྟོབས་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད་དེང་རབས་ཅན་གྱི་འཐབ་ལམ་གསར་བ་མངོན་འགྱུར་དང་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།
ཧུའུ་ཅིན་ཐའོ་ཡིས་ཅང་སུའུ་ཞིང་ཆེན་གྱིས་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ། གྲོང་གསེབ་མངའ་ཁོངས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ་སོགས་ཀྱི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་ཐུགས་རེ་བཏོན།
ཚན་རིག་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། དེང་སྐབས་ང་ཚོའི་མདུན་དུ་གནས་པའི་འཕེལ་རྒྱས་དོ་སྙོམས་དང་མཐུན་སྦྱོར། རྒྱུན་མཐུད་མིན་པ་བཅས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་། ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཡོངས་སུ་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་ཡིན་པ་དམ་འཛིན་ལྷོད་མེད་བྱས་ཏེ། བརྟན་འཇགས་བརྩོན་ལེན་གྱི་བྱ་བའི་སྤྱིའི་རེ་བ་ལྟར་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་སྲུང་འཛིན་བྱེད་དགོས། མི་གཙོ་བོར་འཛིན་པར་སྔར་ལས་ཡིད་འཇོག་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གཞིར་བཟུང་ནས་འཕེལ་རྒྱས་ལ་བརྩོན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་ཡོངས་དང་མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བར་སྔར་ལས་ཡིད་འཇོག་བྱས་ཏེ་མུ་མཐུད་དུ་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གཅིག་གྱུར་སྒོས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པར་སྔར་ལས་ཡིད་འཇོག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་བརྩོན་སེམས་སྐུལ་སློང་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ནུས་པ་ཆགས་པར་བྱེད་དགོས་ཟེར།
དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བའི་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་རེ་བ་གསར་བ་དང་རྒྱལ་སྤྱིའི་ཐོན་ལས་ཀྱི་འཕེལ་ཕྱོགས་གསར་བ་ལྟར། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་གྱི་ཁྱད་སྟོབས་སྲ་བརྟན་དུ་གཏོང་དགོས་ལ། ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འཁོར་རྒྱུགས་དཔལ་འབྱོར་དང་ལྷད་མེད་ཐོན་ལས། ཐཱན་ཉུང་ལག་རྩལ་བཅས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། ཚན་རྩལ་གསར་སྐྲུན་བཟོ་སྐྲུན་ལག་བསྟར་དང་ཁེ་ལས་གསར་སྐྲུན་གྱི་གོ་གནས་ཇེ་མཐོར་གཏོང་བ་དང་། ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཟུང་དུ་འབྲེལ་བར་སྐུལ་འདེད་བཏང་སྟེ་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་སྒོས་གསར་སྐྲུན་འཕེལ་ཕྱོགས་ལ་སྣེ་ཁྲིད་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས། འགྲན་རྩོད་ནུས་པ་བཅས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་ཟེར།
བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། དར་རྒྱས་ཆེ་བའི་ས་ཁུལ་དེ་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་ཕྱོགས་སུ་ཡོད་པས། བཅོས་སྒྱུར་དེ་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཕན་པ་ཡོད་པའི་སྒྲིག་སྲོལ་ནང་རྐྱེན་མྱུར་དུ་འཛུགས་དགོས། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གྱི་ཁྱད་ཆོས་དང་ཁྱད་སྟོབས་སྲ་བརྟན་དུ་གཏོང་བ་དང་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་བསྒྱུར་དགོས་ལ། ཧུར་ཐག་སྒོས་མཚོ་རྒྱུད་ས་ཁུལ་གསར་སྤེལ་དང་སྒོ་འབྱེད་བྱེད་པར་སྐུལ་འདེད་བཏང་ནས་མཚོ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10