སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གིས་སྐྱེ་ཁམས་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་བ།
ཚེ་རིང་སྒྲོལ་མ། ཀྲུང་གོ་བོད་ཀྱི་དྲ་བ། 2012-03-05
ཉེ་བའི་ལོ་འགའི་རིང་ལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ། སྐྱེ་ཁམས་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་མུ་མཐུད་ཇེ་ཆེར་བཏང་བར་མ་ཟད། དེའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། མིག་སྔའི་བར་དུ། ཟུང་ཆུ་རྫོང་གིས་བསྡོམས་པས་ས་མུའུ་ཁྲི་གཅིག་དང་སྟོང་གཉིས་རི་བཀག་ནགས་གསོ་དང་། མིས་ཐབས་ཀྱིས་ས་མུའུ་སྟོང་གསུམ་སྟེང་དུ་ནགས་སྐྲུན་བྱས་པ་དང་། དོམ་ཆེན་ངལ་གསོ་བྱེད་སའི་ས་ཁུལ་གྱི་རྩྭའི་སྤང་ཤུན་སླར་གསོ་བྱས་ལ། རྨོ་བསྐྱུར་ནགས་སྐྲུན་བྱས་རྗེས་མུ་མཐུད་ཁ་གསབ་རང་བཞིན་གྱིས་ས་མུའུ་འབུམ་གཅིག་དང་ཁྲི་ལྔའི་རྩྭའི་སྤང་ཤུན་སླར་གསོ་དང་ནགས་སྐྲུན་བྱས། རྨོ་བསྐྱུར་ནགས་སྐྲུན་བྱས་པའི་ས་མུའུ་ཁྲི་གཉིས་དང་སྟོང་དགུར་རྒྱལ་ཁབ་ཀྱིས་ཞིབ་བཤེར་ཚད་ལེན་བྱས་པར་མ་ཟད། སྲིད་ཇུས་དེ་མུ་མཐུད་རྒྱུན་སྐྱོང་བར་བརྩོན་ལེན་བྱས། ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་བྱེད་པའི་ལམ་ལུགས་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་། ནགས་ཚལ་དང་རྩྭ་སའི་མེ་འགོག་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་། ས་གནས་དྲུག་ཅུ་རེ་དྲུག་རུ་ས་གཤིས་གནོད་འཚེ་ལེགས་བཅོས་བྱས་ཤིང་། བཙོག་སྐྱོན་འགོག་བཅོས་དང་། ཁོར་ཡུག་ལ་ལྟ་རྟོག་དོ་དམ་བྱེད་པ། ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན་བྱ་བར་ཕན་འབྲས་དངོས་ཐོབ་པས། ཟུང་ཆུ་རྫོང་ཡོངས་ཀྱི་འཐུང་ཆུའི་མགོ་ཁུངས་དང་། ཆུ་རྒྱུན་གཙོ་བོའི་ཆུའི་རྒྱུ་སྤུས། མཁའ་དབུགས་སོགས་ཀྱི་སྤུས་ཚད་ཇེ་བཟང་དུ་གྱུར།