འཆི་མེད་དབང་མོ་ལ་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-11-14

འཆི་མེད་དབང་མོ་ལ་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ།
འཆི་མེད་དབང་མོ་ལ་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ།

       ཟླ10པའི་ཚེས12ཉིན་གྱི་སྔ་དྲོ། སྐབས་བརྒྱད་པའི་རྒྱལ་ཡོངས་ཀུན་སྤྱོད་དང་སྒྱུ་རྩལ་ཟུང་ལེགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་གནང་བའི་བྱེད་སྒོ་དེ་ཀྲེའེ་ཅང་ཀྱཱ་ཞིན་ཏུ་སྤེལ་ཞིང་། རྒྱལ་ཡོངས་ས་ཁུལ་སོ་སོ་ནས་ཡོང་བའི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པ85ལ་གཟེངས་བསྟོད་གནང་བ་དང་། ཁམས་པའི་བརྙན་འཕྲིན་ཁང་གི་རྩོམ་སྒྲིག་ཨུ་ཡོན་དང་བོད་སྐད་ཀྱི་མདོ་འཛིན་པ་འཆི་མེད་དབང་མོ་ལ་གཟེངས་རྟགས་འདི་ཐོབ་པ་རེད།
       གཟེངས་རྟགས་གནང་བའི་མཛད་སྒོའི་སྟེང་། འཆི་མེད་དབང་མོ་ནི་མི་རིགས་ས་ཁུལ་གྱི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ཀྱང་གཏམ་བཤད་གནང་བ་སྟེ། རང་ཉིད་ནར་སོན་པའི་བརྒྱུད་རིམ་དང་སྦྱར་ཏེ་ཁམས་པའི་བརྙན་འཕྲིན་ཁང་དུ་བྱ་བ་སྒྲུབ་པའི་གནས་ཚུལ་དང་། བརྙན་འཕྲིན་སྒྱུ་རྩལ་གྱི་བྱ་བ་སྒྲུབ་པའི་ཚོར་འདུ་སོགས་རེ་རེ་བཞིན་བརྗོད།

འཆི་མེད་དབང་མོ་ལ་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ།

       དེ་ཡང་ཕུལ་བྱུང་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པར་གཟེངས་བསྟོད་དང་། རང་རྒྱལ་གྱི་བརྙན་འཕྲིན་སྒྱུ་རྩལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། 1998ལོ་ནས་བཟུང་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་ལོ་གཉིས་ཀྱི་ནང་ཐེངས་གཅིག་སྒྲུབ་པའི་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པ་ལེགས་འདེམ་གྱི་བྱ་འགུལ་སྤེལ། 2005ལོར་བྱ་འགུལ་འདི་ནི་རྒྱལ་ཡོངས་ཀུན་སྤྱོད་སྒྱུ་རྩལ་ཟུང་ལེགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པ་ལེགས་འདེམ་བྱ་འགུལ་དུ་བསྒྱུར། འདི་ནི་བརྙན་འཕྲིན་ཁྱབ་ཁོངས་ཀྱི་བྱ་དགའ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལས་རིགས་མི་སྣའི་ཁས་ལེན་རྒྱ་ཆེར་ཐོབ་ཅིང་། དེ་མིན་སྐབས་འདིའི་བྱ་དགའ་ཐོབ་མཁན་ནི་ཕུལ་བྱུང་འཁྲབ་སྟོན་པ་ལས་གཞན་ད་དུང་མདོ་འཛིན་པ་དང་། འཁྲབ་ཁྲིད་པ། སྒྲིག་འཁྲབ་པ་བཅས་ཀྱང་ཚུད།

འཆི་མེད་དབང་མོ་ལ་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ།
འཆི་མེད་དབང་མོ།

       འཆི་མེད་དབང་མོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་རུ་སྐྱེས་ཤིང་། 2000ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་མ་ཟད། ལོ་དེའི་ཟླ7པར་དར་མདོ་རྫོང་བརྙན་འཕྲིན་ཁང་དུ་མདོ་འཛིན་དང་གསར་འགོད། བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱའི་བྱ་བ་གཉེར་ཏེ་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས། 2009ལོའི་ཟླ9བར་ཁམས་པའི་བརྙན་འཕྲིན་ཁང་དུ་རྒྱུགས་འཕྲོད་དེ་གསར་འགྱུར་གྱི་མདོ་འཛིན་པར་གྱུར་ཅིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགོད་དང་། 5·12ས་འགུལ་ལོ་འཁོར་གསུམ། ཡུལ་ཤུལ་ས་འགུལ་ལོ་འཁོར་གཅིག་སོགས་གསར་འགོད་ཆེ་གྲས་རིགས་དུ་མའི་བཅར་འདྲི་ལ་ཞུགས། དེ་མིན་སི་ཁྲིན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་ཆེན་དང་། ཁམས་པའི་སྒྱུ་རྩལ་དུས་ཆེན། ཁམས་པའི་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས། བོད་ལྗོངས་བརྙན་འཕྲིན་བཙུགས་པའི་ལོ་འཁོར25ཡི་དུས་སྟོན། མཚོ་སྔོན་བརྙན་འཕྲིན་གྱི་ཡུལ་ཤུལ་ས་འགུལ་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་བྱ་འགུལ། དཀར་མཛེས་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དུས་སྟོན་སོགས་རིག་རྩལ་བྱེད་སྒོ་ཆེན་པོ་ཁག་གི་མདོ་འཛིན་མཛད། 2010ལོའི་ཟླ4བར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གདན་འདྲེན་ཞུས་པ་ལྟར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མིང་གྲགས་མདོ་འཛིན་པ་སྐོར་དང་བཅས་པས་ཐད་གཏོང་ལེ་ཚན《བྱམས་བརྩེ་ལ་མཐའ་མེད་པར་ཡུལ་ཤུལ་ལ་སེམས་པ་གཅིག་ཏུ་སྦྲེལ》ཞེས་པར་མདོ་འཛིན་མཛད། 2011ལོའི་ཟླ3པར། མོའི་མིང་དང་གཅིག་མཚུངས་སུ་གསོལ་བའི་སྐད་གཉིས་དུས་ཐོག་སྲིད་དོན་གཏམ་གླེང་ལེ་ཚན《འཆི་མེད་ཀྱི་དུས》ཞེས་པ་དངོས་སུ་སྤེལ་ཞིང་། ཁོ་མོ་ནི་སྒྲིག་བཟོ་པ་དང་མདོ་འཛིན་པའི་ཐོབ་ཐང་སྒོས་ལེ་ཚན་ཧྲིལ་བོའི་གོ་རིམ་དུ་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤ
  • དོ་སྣང་ཆེ་བའི་རྩོམ།