ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས།

ཁམས་པའི་ཚགས་པར་ཁང་གིས་བསྒྱུར།        2013-11-14

ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་འགན་བཞེས་ཤིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མངགས་བཅོལ་ལྟར་ལས་དོན་སྙན་སེང་ཞུས་པར་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་། 《ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་གནད་དོན་གལ་ཆེན་འགའ་ཤས་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་།
    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས12ཉིན་འབྱོར་བའི་གཏམ་གསར། ཀྲུང་གོའི་གུང་ཁྲང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།
    (2013ལོའི་ཟླ་བ11པའི་ཚེས12ཉིན་ཀྲུང་གོའི་གུང་ཁྲང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བ།)
    ཀྲུང་གོའི་གུང་ཁྲང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཚོགས་དེ2013ལོའི་ཟླ་བ11པའི་ཚེས9ཉིན་ནས་ཚེས12བར་པེ་ཅིན་དུ་འཚོགས་པ་རེད།
    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཀྲུང་དབྱང་ཨུ་ཡོན204དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན169ཞུགས་པ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣ་ཟུར་ཞུགས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་ཆ་ཤས་དང་ཆེད་མཁས་རིག་པ་བ་རྣམས་ཀྱང་གྲོས་ཚོགས་སུ་ཞུགས་པ་རེད།
    ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་འགན་བཞེས་ཤིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
    ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མངགས་བཅོལ་ལྟར་ལས་དོན་སྙན་སེང་ཞུས་པར་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་། 《ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་གནད་དོན་གལ་ཆེན་འགའ་ཤས་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་། ཞི་ཅིན་ཕིང་གིས་《ཆོད་དོན(གྲོས་བསྡུར་ཡིག་ཆ)》ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
    ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀར་གདེང་འཇོག་གང་ལེགས་བྱས་པ་རེད། ཐུན་མོང་གིས་ངོས་འཛིན་བྱུང་དོན། རྒྱལ་སྤྱིའི་གནས་བབ་ཧ་ཅང་རྙོག་དྲ་ཆེ་ཞིང་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་དཀའ་ལྗིད་ལྡན་པའི་མདུན་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་སྙིང་དོན་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། འཕེལ་རྒྱས་བརྟན་པོར་གཏོང་བའི་ཁྲོད་དུ་གོང་སྤེལ་ཡོང་བའི་སྤྱིའི་ནང་དོན་སྙིང་པོ་རྒྱུན་འཁྱོངས་བྱེད་ཅིང་། འཕར་སྣོན་བརྟན་པོ་ཡོང་བ་དང་། ཆགས་ཚུལ་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བའི་བྱེད་ཤུགས་ཆེ་རུ་བཏང་ཞིང་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་བབ་བརླིང་ལྡན་པར་ཁ་གཏད་འཇལ་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་གཉེར། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་སྐུལ་སྤེལ་གཏོང་བ། ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་ལས་གྲྭ་གསར་པར་སྐུལ་སྤེལ་གཏོང་བ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་སྤེལ་དོ་དན་བཏང་སྟེ་ལས་དོན་ཁག་ལ་གོང་སྤེལ་གསར་པ་ཐོབ་པ་དང་འཕེལ་རྒྱས་གྲུབ་འབྲས་དེ་བས་མང་ཞིང་དེ་བས་དྲང་བདེན་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་སྐུལ་འདེད་བཏང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏོང་བའི་ལོ་དང་པོའི་འགོ་ཡག་པོ་ཞིག་ཚུགས་པར་མངོན་འགྱུར་བྱུང་ཡོད།    ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོགས་ཚུན་གྱི་ལོ35རིང་གི་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལེགས་འགྲུབ་བྱུང་བའི་ལག་ལེན་དངོས་དང་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་།ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱས་པའི་གལ་འགངས་ཆེ་བའི་གནད་དོན་དུ་མ་ལ་ཞིབ་འཇུག་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་བྱ་རྒྱུ་ནི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ནས་རླབས་ཆེན་གྱི་གསར་བརྗེ་གསར་པ་ཞིག་སྤེལ་བ་ཡིན་པ་དང་། དེང་རབས་ཀྱི་ཀྲུང་གོའི་ཆེས་གསར་པའི་ཁྱད་ཆོས་ཡིན་པ།དེང་རབས་ཀྱི་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་གདམ་ག་ཞིག་ཡིན་པ།ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་ཆེན་སྤོས་ནས་རྗེས་སྙེག་བྱེད་པའི་དུས་རབས་ཀྱི་གལ་འགངས་ཆེ་བའི་ནོར་བུ་རྩ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱུང་བ་རེད།དུས་རབས་གསར་པ་དང་ལས་འགན་གསར་པའི་མདུན་དུ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཁར་འབྱོར་ཕྱུགདང་སྟོབས་ལྡན། དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཞིང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན།ངེས་པར་དུ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན།ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་ཁྲིད་སྟོན་བྱས་ཏེ།ཡིད་ཆེས་བརྟན་པོ་དང་ཐུན་མོང་དུ་ངོས་འཛིན་བྱ་རྒྱུ་གོང་འགྲིལ་ཡོང་བ།གཅིག་གྱུར་འཆར་འགོད།རམ་འདེགས་སྐུལ་སྤེལ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་བསྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་།སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་སྤེལ་བྱ་རྒྱུ་དང་།མི་དམངས་ལ་བདེ་སྐྱིད་སྣོན་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བྱས་ཏེ་སྔར་ལྷག་གིས་བསམ་བློ་བཅིངས་འགྲོལ་གཏོང་ཞིང་།སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ།སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་དྲག་གཏོང་བ་བཅས་བྱས་ཏེ།བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་གང་ཐད་ཀྱི་སྒྲིག་གཞི་དང་ནང་རྐྱེན་གྱི་འགལ་རྐྱེན་སེལ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་དེ་བས་ཡངས་ཤིང་རྒྱ་ཆེའི་མདུན་ལམ་གསར་གཏོད་གང་ཐུབ་བྱེད་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་སྤྱིའི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་ཞིང་།རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དེ་རེད། ངེས་པར་དུ་བཅོས་བསྒྱུར་གྱི་མ་ལག་རང་བཞིན་དང་།ཧྲིལ་པོའི་རང་བཞིན།རམ་འདེགས་རང་བཞིན་བཅས་ལ་དེ་བས་མཐོང་ཆེན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་།དམངས་གཙོའི་ཆབ་སྲིད། སྔོན་ཐོན་རིག་གནས།འཆམ་མཐུན་སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་བཅས་འཕེལ་རྒྱས་མགྱོགས་པོར་བཏང་ནས་ངལ་རྩོལ་དང་ཤེས་བྱ།ལག་རྩལ།དོ་དམ།མ་རྩ་བཅས་ཀྱི་གསོན་ཤུགས་ཕན་ཚུན་འགྲན་རྩོད་བྱེད་པར་ལྟར་རྒྱས་པ་དང་།སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་པའི་འབྱུང་ཁུངས་མཐའ་དག་ཐོན་གང་ཐུབ་བྱེད་པ།འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་བདེན་ངང་མི་དམངས་ཡོངས་རྫོགས་ལ་ཕན་ཐོགས་པ་བཅས་བྱེད་དུ་འཇུག་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།ཚོང་རས་ཐོན་ཁུངས་སྒྲིག་བཀོད་ནང་ཐོན་པའི་ཐག་གཅོད་རང་བཞིན་ལྡན་པའི་ནུས་པར་དམ་པོར་དམིགས་ནས་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། རྩ་བའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཀྱི་ཚོང་རའི་མ་ལག་དང་སྤྱི་ཁོག་སྙོག་སྒྲིག་གི་མ་ལག སྒོ་དབྱེའི་དཔལ་འབྱོར་མ་ལག་བཅས་འཐུས་ཚང་མགྱོ གས་པོར་གཏོང་ཞིང་།དཔལ་འབྱོར་འཕེལ་རྒྱས་བྱེད་སྟངས་བསྒྱུར་བཀོད་མགྱོགས་པོར་གཏོང་བ།གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་པོར་བྱེད་ཅིང་།དཔལ་འབྱོར་གྱི་ལས་ཆོད་དེ་བས་ཆེ་བ་དང་དེ་བས་དྲང་གཞགདེ་བས་རྒྱུན་སྲིང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།ཏང་གི་འགོ་ཁྲིད་བྱེད་པ་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པ།བཅའ་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱ་རྒྱུ་གཅིག་གྱུར་དམ་ཟབ་ཡོང་བར་དམ་པོར་དམིགས་ནས་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན།གོ་རིམ་ཅན་བཅས་སྐུལ་སྤེལ་མགྱོགས་སུ་གཏོང་ཞིང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ནས་དེ་བས་རྒྱ་ཁྱབ་དང་དེ་བས་ཕུན་སུམ་ཚོགས་པོ།དེ་བས་འཐུས་ཚང་གི་མི་དམངས་དམངས་གཙོ་ཞིག་འཕེལ་རྒྱས་གཏོང་དགོས།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་དམ་པོར་དམིགས་ནས་རིག་གནས་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། རིག་གནས་དོ་དམ་ལམ་ལུགས་དང་རིག་གནས་ཐོན་སྐྱེད་བདག་གཉེར་ནང་རྐྱེན་འཐུས་ཚང་མགྱོགས་པོར་བཏང་ནས་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་དེང་རབས་རིག་གནས་ཁྲོམ་རའི་མ་ལག་འཛུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་དེ་བས་བཟང་བར་གཏོང་ཞིང་།སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་དགོས། ཡོང་འབབ་བགོ་བཤའ་ལམ་ལུགས་བཅོས་བསྒྱུར་བཏང་ཞིང་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་ཁྱབ་ཁོངས་ཀྱི་ལམ་ལུགས་གསར་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ།གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཡོང་བར་སྐུལ་འདེད་གཏོང་བ།ཚན་རིག་དང་མཐུན་པའི་ཕན་ནུས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་མགྱོགས་སུ་ཆགས་པ་བཅས་བྱས་ནས་སྤྱི་ཚོགས་དེ་གསོན་ཤུགས་ལྡན་ཞིང་འཆམ་མཐུན་གོ་རིམ་ཡོད་པར་ཐག་ཐེག་བྱེད་དགོས།མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱེད་པར་དམ་པོར་དམིགས་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མགྱོ གས་སུ་འཛུགས་ཤིང་རྒྱལ་སའི་བར་སྟོང་གསར་སྦོལ་དང་ཐོན་ཁུངས་གྲོན་ཆུང་བེད་སྤྱོད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལམ་ལུགས་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་མི་དང་རང་བྱུང་བར་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཆགས་ཚུལ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་དམངས་གཙོ་སྲིད་སྐྱོང་།ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་དམ་པོར་དམིགས་ནས་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་དགོས དམངས་གཙོ་གཅིག་སྡུད་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཏང་གི་འགོ་ཁྲིད་ལམ་ལུགས་དང་སྲིད་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་ཞིང་།ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་སྲུང་འཛིན་བྱས་ནས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་བྱེད་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་སྣ་གཉིས་གྲུབ་ཚུལ་ནི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཅིག་བསྡུས་ཅན་དུ་འགྱུར་བར་ཚོད་འཛིན་བྱེད་པའི་གེགས་ཆ་གཙོ་བོ་ཡིན་པས། ངེས་པར་དུ་སྒྲིག་གཞིའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་སྤེལ་གཏོང་བ་དང་། གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱིས་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་ཞིང་གཉིས་ཕན། གྲོང་ཁྱེར་དང་གྲོང་གསེབ་གཅིག་བསྡུས་ཅན་གྱི་རྣམ་པ་གསར་པའི་བཟོ་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཆགས་ཏེ་རྒྱ་ཆེ་བའི་ཞིང་པར་དེང་རབས་ཅན་གྱི་འཕེལ་རིམ་ལ་འདྲ་མཉམ་ཞུགས་འཇུག་པ་དང་། ཐུན་མོང་དུ་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་འཇུག་དགོས། རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གྱི་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱས་ཏེ་ཞིང་པར་རྒྱུ་ནོར་ལོངས་སུ་སྤྱོད་པའི་དབང་ཆ་དེ་བས་མང་པོ་སྤྲོད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་བརྗེ་རེས་འདྲ་མཉམ་བྱེད་པ་དང་སྤྱིའི་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་རྡལ་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་སྒྲིག་གཞི་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་རྣམ་པ་གསར་པ་དང་འཕྲོད་ཐུབ་པ་བྱེད་དགོས་ན། ངེས་པར་དུ་རྒྱལ་ནང་དང་རྒྱལ་ཕྱིའི་གསར་སྦོལ་བྱེད་པའི་བར་ཕན་ཚུན་སྐུལ་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ནང་འགུགས་དང་ཕྱིར་གཏོང་བའི་བར་ཟུང་འབྲེལ་དེ་བས་ཡག་པོ་བྱེད་ཐུབ་པ། རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱུ་རྐྱེན་གཙོ་བོ་གོ་རིམ་ལྡན་པའི་སྒོས་རང་མོས་འཁོར་སྐྱོད་དང་། ཐུན་ཁུངས་ཕན་ནུས་མཐོན་པོའི་སྒོ་བཀོད་སྒྲིག ཚོང་ར་མཉམ་འདྲེས་གཏིང་ཟབ་མོ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ལ་ཞུགས་པ་དང་སྣེ་ཁྲིད་བྱེད་པའི་མཐུན་རྐྱེན་གསར་པ་གསོ་སྐྱོང་མགྱོགས་པོ་བྱས་ཏེ་གསར་སྦོལ་བྱེད་པ་དེས་བཅོས་བསྒྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས། མ་དངུལ་གཏོང་འཇོག་གི་ལམ་སྒོ་ཡངས་སུ་གཏོང་བ་དང་། རང་མོས་ཉོ་འཚོང་སྡེ་ཁུལ་འཛུགས་སྐྲུན་མགྱོ གས་པོ་བྱས་ཏེ་ནང་ཁུལ་དང་མཚོ་རྒྱུད་ས་ཁུལ་གྱི་གསར་སྦོལ་རྒྱ་སྐྱེད་དུ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བར་ངེས་པར་དུ་མི་དམངས་རང་ཁྱིམ་རང་བདག་བྱ་རྒྱུར་ཁག་ཐེག་བྱེད་པ་དེ་རྩ་བ་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་ཤོག་མང་པོ་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། དམངས་གཙོའི་ལམ་ལུགས་འཐུས་ཚང་དང་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་པོ་བྱེད་པར་དོ་སྣང་དེ་བས་ཆེན་པོ་བྱས་ཏེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་མཐུན་རྐྱེན་རང་བཞིན་འདོན་སྤེལ་གང་ལེགས་གཏོང་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དུས་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གྲོས་མོལ་གྱི་དམངས་གཙོ་རྒྱ་ཁྱབ་དང་གོ་རིམ་མང་པོ་ལྡན་པའི་ལམ་ལུགས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། གཞུང་དྲང་དང་། ཕན་ནུས་མཐོན་པོ། དབང་གྲགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་སྒྲིག་གཞི་འཛུགས་སྐྲུན་ཅི་མགྱོ གས་གང་མགྱོ གས་བྱས་ཏེ་མི་དམངས་ཀྱི་ཁེ་དབང་ལ་འཚོ་སྲུང་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་འཚོ་སྲུང་བྱེད་དགོས། སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། བཅའ་ཁྲིམས་ལྟར་རང་ཚུགས་དང་གཞུང་དྲང་གིས་འདྲི་གཅོད་བྱེད་དབང་དང་ཞིབ་དཔྱད་བྱེད་དབང་སྤྱོད་་པར་ཁག་ཐེག་ནན་པོ་བྱེད་དགོས། ཁྲིམས་འཛིན་བྱེད་དབང་གི་འཁོར་སྐྱོད་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་འགན་ལེན་བྱ་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལམ་ལུགས་ཀྱིས་དབང་ཆ་ལ་དོ་དམ་དང་། བྱ་བར་དོ་དམ། མི་ལ་དོ་དམ་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་འཇུག་དགོས་པ་དང་། དབང་ཆ་ཉི་འོད་འོག་ཏུ་འཁོར་སྐྱོད་བྱེད་འཇུག་པ་ནི་དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙེའི་ནང་བཅུག་པའི་གཞི་རྩའི་ཐབས་ཤས་ཤིག་ཡིན་པ་རེད། ངེས་པར་དུ་ཇུས་བཀོད་ཚན་རིག་དང་མཐུན་ཞིང་ལག་བསྟར་བློ་བརྟན་འགྱུར་མེད། ལྟ་སྐུལ་སྟོབས་ལྡན་བཅས་ཡིན་པའི་དབང་ཆ་འཁོར་སྐྱོད་ཀྱི་མ་ལག་འཛུགས་སྐྱོང་བྱེད་དགོས། རུལ་སུངས་ལ་ཁྲིམས་གཅོད་དང་སྔོན་འགོག་བྱ་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་དགོས། ལས་བྱེད་པ་སྤྱོད་གཙང་གཞུང་དྲང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་གསལ་པོ་བཅས་ཡིན་པའི་སྤྱི་ཚོགས་རྣམ་པ་མངོན་འགྱུར་ཡོང་གང་ཐུབ་བྱེད་དགོས། ཚན་རིག་དང་ཕན་ནུས་ལྡན་པའི་དབང་ཆར་ཚོད་འཛིན་དང་མཐུན་སྦྱོར་བྱེད་པའི་ནང་རྐྱེན་ཞིག་ཆགས་ཐུབ་པ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་ནང་རྐྱེན་གསར་སྐྲུན་དང་ལམ་ལུགས་ཐད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀུན་སྤྱོད་ལེགས་བཅོས་རྒྱུན་ལྡན་ཅན་དུ་འགྱུར་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་རིག་གནས་ཀྱི་གཉེན་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱིས་གཙོ་བོ་བྱེད་པའི་ལས་ཀ་སྒྲུབ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པར་རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། རིག་གནས་དོ་དམ་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་། དེང་རབས་རིག་གནས་ཀྱི་ཚོང་བའི་མ་ལག་འཛུགས་པ་དང་དེ་འཐུས་སྒོ་ཚང་དུ་གཏོང་དགོས།དེང་རབས་ཀྱི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་མ་ལག་འཛུགས་སྐྱོང་བྱས་ཏེ་རིག་གནས་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མི་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་པོ་དང་དེ་བས་གཞུང་དྲང་གིས་ཕན་ཐོགས་ཐུབ་པ་བྱེད་དགོས་ན།ངེས་པར་དུ་སྤྱི་ཚོགས་བྱ་གཞག་བཅོས་བསྒྱུར་མགྱོ གས་པོ་བྱེད་དགོས། མི་དམངས་ཀྱི་སེམས་ཁྲལ་ཆེས་ཆེ་བ་དང་། ཆེས་ཐད་ཀ། ཆེས་མངོན་གནས་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་ཀྱི་མཁོ་དགོས་ལ་སྔར་ལས་ཡག་པོ་སྐོང་ཐུབ་པ་བྱེད་དགོས། སློབ་གསོ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ལས་ཞུགས་དང་ལས་བསྐྲུན་ལ་སྐུལ་སྤེལ་གཏོང་བའི་སྒྲིག་གཞི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ། ལུགས་མཐུན་དང་གོ་རིམ་ལྡན་པའི་ཡོང་བབ་བགོ་བཤའི་ཆགས་སྟངས་ཤིག་ཆགས་ཐུབ་པ་བྱེད་དགོས། དེ་བས་གཞུང་དྲང་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་འཛུགས་དགོས། སྨན་རྫས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་ཀྱི་བདག་སྐྱོང་གསར་སྐྲུན་བྱེད་པར་ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་དང་། ཚད་ཆེས་ཆེ་བའི་སྒོ་འཆམ་མཐུན་གྱི་རྒྱུ་རྐྱེན་སྣོན་པ། སྤྱི་ཚོགས་ཀྱི་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་བདག་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཉེན་མེད་འཚོ་སྲུང་། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་ཁེག་ཐེག་ནན་པོ། སྤྱི་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བ་བཅས་ལ་བསམ་བློ་གཏོང་ས་བྱེད་དགོས།སྤྱི་ཚོགས་ཀྱི་བདག་སྐྱོང་བྱེད་སྟངས་ལེགས་བཅོས་བྱེད་དགོས་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་ལ་སྐུལ་མ་གཏོང་དགོས། སྤྱི་ཚོགས་འགལ་བར་ཕན་ནུས་ལྡན་པའི་སྒོས་སྔོན་འགོག་དང་སེལ་ཐུབ་པའི་ནང་རྐྱེན་གསར་སྐྲུན་བྱས་ཏེ་སྤྱི་པའི་ཉེན་མེད་བདེ་འཇགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ཉེན་མེད་ཨུ་ཡོན་ལྷན་ཁང་འཛུགས་དགོས། རྒྱལ་ཁབ་ཀྱི་ཉེན་མེད་བདེ་འཇགས་ཀྱི་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ཉེན་མེད་བདེ་འཇགས་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཁབ་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་ནན་པོ་བྱེད་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མ་ལག་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཛུགས་དགོས། ལམ་ལུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུལ་ལ་སྲུང་སྐྱོང་བྱེད་དགོས། རང་བྱུང་ཐོན་ཁུངས་ཀྱི་མ་རྩ་རྒྱུ་ནོར་གྱི་དབང་ཆ་ལམ་ལུགས་དང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཉེན་ཟོན་ས་ཐིག་དབྱེ་འབྱེད་གཏན་འབེབས་བྱེད་དགོས། ཐོན་ཁུངས་རིན་པ་དགོས་པར་བེད་སྤྱོད་བྱ་རྒྱུའི་ལམ་ལུགས་དང་སྐྱེ་ཁམས་ལ་ཁ་གསབ་སྤྲོད་རྒྱུའི་ལམ་ལུགས་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོ་དམ་གྱི་སྒྲིག་གཞི་བཅོས་བསྒྱུར་བྱེད་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་བཀོད་འདོམས་ལ་ཉོན་མཁན་དང་འཐབ་ན་རྒྱལ་ཁ་ཐོབ་ཐུབ་པ། སྤྱོད་ཚུལ་བཟང་པོའི་མི་དམངས་དམག་དཔུང་ཞིག་འཛུགས་རྒྱུ་འདི་ཏང་གི་རྣམ་པ་གསར་པའི་འོག་སྟོབས་ལྡན་གྱི་དམག་དཔུང་བསྐྲུན་རྒྱུའི་དམིགས་འབེན་ལ་དམིགས་ནས། ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་དམིགས་བསལ་གྱི་འགལ་བ་དང་གནད་དོན་ཐག་གཅོད་བྱས་པར་བརྟེན། དམག་དོན་གྱི་རིགས་པའི་གཞུང་ལུགས་གསར་སྐྲུན་འཕེལ་རྒྱས་བྱས་ཏེ་དམག་དོན་འཐབ་ཇུས་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་གྱི་སྟོབས་ཤུགས་མ་ལག་འཛུགས་སྐྱོང་བྱེད་དགོས། དམག་དཔུང་སྒྲིག་གཞི་བཟོ་འགོད་ལེགས་སྒྲིག་བཅོས་བསྒྱུར་ཟབ་པོ་བྱས་ནས་དམག་དཔུང་སྲིད་ཇུས་ལམ་ལུགས་ལེགས་སྒྲིག་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བ་དང་།དམག་དམངས་མཉམ་འབྲེལ་འཕེལ་རྒྱས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་རྒྱུར། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་པོ་བྱེད་དགོས་ན་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་མཐར། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་གི་འཇོན་ནུས་མཐོ་རུ་བཏང་ནས་བཅོས་བསྒྱུར་བདེ་བླག་ངང་བྱེད་པར་འགན་སྲུང་བྱེད་དགོས། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱེད་མཁན་འགོ་ཁྲིད་ཚོ་ཆུང་བཙུགས་ནས་བཅོས་བསྒྱུར་གྱི་སྤྱི་ཁྱབ་ཇུས་འགོད་དང་གཅིག་འགྱུར་མཐུན་སྦྱོར། སྤྱི་ཡོངས་སྐུལ་སྤེལ། དོན་འཁྱོལ་ལ་ལྟ་སྐུལ་བྱེད་འགན་ཁུར་དགོས་ལ། རིམ་ཁག་ཏང་ཨུས་ཀྱང་བཅོས་བསྒྱུར་བྱེད་པར་འགོ་ཁྲིད་བྱ་རྒྱུའི་འགན་འཁྲི་སྒྲུབ་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་ཟབ་པོ་བྱས་ཏེ་འཇོན་ལྡན་མི་སྣ་འཛོམས་པའི་སྒྲིག་གཞིའི་ནང་རྐྱེན་བཙུགས་པར་བརྟེན། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་དང་གཞི་རིམ།མང་ཚོགས་བཅས་ཀྱིས་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ནས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་སྐུལ་མ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཀྱིས་མིག་སྔའི་རྣམ་པ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ་ཏང་ཡོངས་ཀྱི་བློ་མཐུན་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་པོ་བྱ་རྒྱུའི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་བྱས་ཏེ། བརྩོན་སེམས་ཀྱི་འདུ་ཤེས་དང་གོ་སྐབས་ཀྱི་འདུ་ཤེས།འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས་ཁ་ཕྱོགས་གདེང་ཚོད་བྱས་ཏེ་སྤོབས་པ་ཆེན་པོས་ལག་ལེན་འཚོལ་ཞིབ་བྱེད་པ་དང་། གཅིག་འགྱུར་མཐུན་སྦྱོར་བྱ་རྒྱུར་དོ་སྣང་བྱས་ཏེ་བཅོས་བསྒྱུར་གྱི་ཐུན་མོང་གི་ངོས་འཛིན་ཆགས་པ་དང་། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་བཅོས་བསྒྱུར་ཐབས་ཇུས་བཀོད་སྒྲིག་བྱེད་པ་དེ་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་བརྟན་བརླིང་གི་ཁྲོད་དུ་ཡར་རྒྱས་ལ་བརྩོན་པ་དང་བརྟན་བརླིང་གི་ཁྲོད་དུ་ནུས་པ་ཐོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཏན་ཏིག་གིས་ལས་ཀ་ཁག་ལེགས་པོ་སྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སྲུང་འཛིན་བྱས་ཏེ་མང་ཚོགས་ལ་སེམས་ཁུར་དང་ཁྱད་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་དགོས།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་མུ་མཐུད་ནས་སྐུལ་འདེད་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱེད་གང་ཐུབ་བྱེད་དགོས།
    ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་ཡོངས་ཀྱི་བློ་མཐུན་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོར་བྱས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དཀའ་གནད་སྒྲོལ་ཞིང་བསལ་ཏེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེ་བའི་བྱ་གཞག་གི་ལོ་རྒྱུས་ལེ་ཚན་གསར་པ་ཞིག་བཀོད་དེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་མུ་མཐུད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ལྷ་སའི་དགེ་འདུན་ཆོས་འཕེལ་དྲན་རྟེན་ཁང་གི་སྒོ་ཕྱེས་པ།
  • ལེ་ཚན་རྗེས་མ།:འཆི་མེད་དབང་མོ་ལ་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཐོབ།
  • དོ་སྣང་ཆེ་བའི་རྩོམ།