སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་ལེགས་འགྲུབ་དང་རིན་མེད་འགྲེམས་སྤེལ་བྱས།
ཐུབ་བསྟན་གྱིས་བསྡུས། 2011-11-15
དུས་ཀྱི་འགྱུར་བ་ཧ་ཅང་སྐྱེན་པའི་སྣང་ཚུལ་འོག་རང་རེའི་མི་རབས་གསར་པའི་ཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད།སྐད་ཡིག་རིག་གནས་ཀྱི་དར་རྒུད་ཀྱང་བློ་འཚབ་སེམས་ངལ་སྐྱེ་བའི་རང་བཞིན་དུ་གནས་པ་དང་།ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷག་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་ནི་བསུབ་དཀའ་བའི་ཚད་དུ་ལྷུང་ཡོད་པ་མ་ཚད།རིག་གནས་ཀྱི་རྩ་བ་དང་རང་རེའི་མི་རིགས་ཀྱི་སྲོག་རྩ་ནི་བོད་ཀྱི་སྐད་ཡིག་ལས་མ་འདས་ཤིང་།སྐད་ཡིག་གི་སྤུས་ཚད་མཐོར་འདེགས་དང་བེད་སྤྱོད་ཇེ་ཆེ།ཁྱབ་ཚད་ཇེ་རྒྱས་སུ་གཏོང་རྒྱུ་ནི་བོད་མི་ཚོར་ལོ་རྒྱུས་ཀྱི་བསྩལ་པའི་འགན་འཁྲི་ལྡོག་དཀའ་བ་ཞིག་ཀྱང་ཡིན་པས།ཉེ་ཆར།བོད་ཀྱི་རྩིས་འཁོར་མཁས་པ་བློ་བཟང་སྨོན་ལམ་ལགས་ཀྱིས་ལོ་ངོ་ཧྲིལ་པོ་གཅིག་ལྷག་ལ་གཉིད་བཅག་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བརྒྱུད་དེ་སྨོན་ལམ་ཚིག་མཛོད་འདི་རང་རེའི་སྤྱན་ལམ་དུ་ཕུལ་བ་རེད།
ཚིག་མཛོད་འདིའི་གྲུབ་ཆའི་སྐོར་ནི་ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་དང་ཡིག་འབྲུ་ས་ཡ་དྲུག་ལས་བརྒལ་བ་རེད།དེ་ལས་བོད་ཡིག་ཚིག་མཛོད་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ》དང་《དག་ཡིག་གསར་བསྒྲིགས》ཀྱི་རྨང་གཞིར་བཞག་ནས་གྲུབ་ཡོད་ཅིང་།དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་《དབྱིན་བོད་ཚིག་མཛོད་གསར་མ།》ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང་།བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམ་གྲངས་90000ལྷག་ཡོད་པ་དང་།བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བཏུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད།བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལ་སྣོན་འཕྲི་གང་ཡང་མེད་པ་རང་སོར་བཞག་ཡོད་པ་རེད།
ཚིག་མཛོད་འདིར་སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་སྒྱུར་གྱི་ཆ་རྐྱེན་ཡང་འཐུས་ཚང་དུ་ཡོད་སྟབས།བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང་།ཡིག་སྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང་།རྩོམ་སྒྲིག་ཚན་པ་དང་།ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་ཆེན་པོ་ཞུ་ཐུབ་ངེས་རེད།