ནུབ་བྱང་མི་རིགས་སློབ་གླིང་དུ་རྩོམ་རིག་གི་བགྲོ་གླེང་སྤེལ།

    དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།    2011-10-31

ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་ནས་༼བརྩམས་ཆོས་བགྲོ་གླེང་༽གི་ཚོགས་འདུ་བསྡུས།   མི་སྒེར་གྱི་གསར་རྩོམ་སྙན་ངག་ཉི་ཤུ་ལྷག་ཚོགས་མི་ཡོངས་ཀྱི་མིག་མདུན་དུ་བསྟར།   བརྩམས་ཆོས་རེ་རེ་ལ་བློ་ཡི་རྟོག་འཇུག་སོ་སོ་ནས་དཔྱད་འཇོག་བྱས་ཏེ།   ཚོགས་ཞུགས་མི་སྣས་སྒེར་གྱི་སྙན་ངག་གི་ཀློག་རོལ་གྱི་མྱོང་བ་ལྷུག་བརྗོད་བྱས།   བརྩམས་ཆོས་བྱེ་བྲག་པའི་སྟེང་ནས་ད་ལྟའི་བོད་ཀྱི་སྙན་ངག་གསར་རྩོམ་གྱི་གནས་སྟངས་དང་འབྱུང་འགྱུར་འཕེལ་ཕྱོགས་གཉིས་ཆར་ལྟ་ཚུལ་སྣ་ཚོགས་བྱུང་།
དུས་རྒྱུན་རྣ་ཐོས་སུ་སོང་བའི་གཞུང་ལུགས་ཀྱི་ཐ་སྙད་དང་རྩོམ་པ་པོ་དག་གི་ལྟ་དགོངས་དྲངས་ནས་མྱོང་སྣང་གང་ཞིག་གཞུང་ལུགས་ཀྱི་སྲད་བུར་བསྟར་ཏེ་ར་སྤྲོད་པར་བྱེད་པའི་རྣམ་པ་དེ་ལ་ཅུང་དོགས་པ་སྐྱེས་བྱུང་།   མི་ལ་ལས་དོན་ངོ་མར་ཐ་སྙད་ཙམ་ལ་གོ་བ་ཟབ་མོ་མ་ཆགས་པར་ཚོགས་དབུས་ནས་ཐ་སྙད་ལྗིད་པོ་དང་རྩོམ་པ་པོ་མང་གྲགས་ཅན་གྱི་མཚན་གྱིས་རང་ཉིད་ཀྱི་སྐད་ཅིག་མའི་རླུང་རྟ་སྤུར་བར་བྱེད་ནི་སྙུག་འཛིན་པ་དང་དཔེ་ཆ་བ་ཞིག་ལ་མཚོན་ན་ཅུང་ངོ་གནོང་དགོས་པའི་ལས་ཤིག་རེད།   ཡང་མི་ལ་ལས་ཚོགས་དབུས་ནས་ང་ནི་རང་མོས་སྙན་ངག་ལ་མི་དགའ།   འབྲི་ཡང་མི་ཤེས།   ཀློག་ཀྱང་མ་མྱོང་ཟེར་ཞོར་དུ་བོད་ཀྱི་སྙན་ངག་ནི་འདི་འདྲ་ཞིག་རེད་དང་།  དེ་འདྲ་ཞིག་འཁྱོངས་དགོས་ཞེས་ཐམས་ཅད་ལ་སྡོམ་ཚིག་འགོད་པ་དང་།   གང་འདོད་དུ་བསམ་འཆར་འདོན་པའི་སྤྱོད་པ་དེ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།    གང་ལྟར་སྐབས་འདིར་སློབ་གླིང་སྙན་ངག་གསར་རྩོམ་གྱི་ལམ་ཕྱོགས་འཕེལ་མེད་སོར་གནས་སུ་གནས་པའི་སྣང་བརྙན་སྐྱ་བོ་དེ་ཚོགས་རའི་ཁ་དབུགས་ཡོངས་སུ་ཁྱབ་པར་གྱུར།
    ཐེངས་སྔོན་མ་དག་དང་བསྡུར་ན་ད་ཐེངས་སྙན་ངག་ཡག་པོ་རེ་གཉིས་ཡོད་ཀྱང།    སྤྱིའི་ཆ་ནས་ཡག་པོ་དེ་དག་ཀྱང་ཤིན་ཏུ་ནས་ཉམ་ཆུང་དུ་མཐོང་།    སྙན་ངག་མང་ཤས་ཀྱི་ནང་དུ་གཞན་གྱི་སྙན་ངག་གི་གྲིབ་མ་འདྲེས་ཡོད་པས་རང་གི་སྐད་ཆའི་གསར་གཏོད་ཀྱི་གཤིས་ཀ་གཞོམ་གཞིག་བཏང་འདུག   སྣང་ཚུལ་དེས་སློབ་གླིང་སྙན་ངག་པ་དག་གི་སྙན་ངག་གི་བློ་སྦྱོང་དང་ལངས་ཕྱོགས་གཉི་ག་རབ་རིབ་ཅིག་ཡིན་པ་གསལ་བོར་མཚོན་ཡོད་ལ།སྙན་ངག་དང་མི་སྒེར་གྱི་འཚོ་བའི་བར་གྱི་བར་གྱི་འབྲེལ་བ་ལ་ངོས་འཛིན་གང་ཡང་མེད་པ་བསླངས་ལ་བུད་ཡོད།   སྤྱིར་ན་སྙན་ངག་གི་སྐད་ཆ་རྣོ་ངར་ཆེ་ཞིང་མཚོན་སྟོབས་ལྡན་པ་ཞིག་ཡིན་མོད།   མང་ཤས་ཀྱི་སྙན་ངག་གི་ཞན་ཆ་ནི་སྐད་ཆའི་རྣོ་ཁ་རྟུལ་བས་ཡིད་འགྱུར་དང་མྱོང་སྣང་ཇི་བཞིན་མཚོན་ཐུབ་མེད།   སྙན་ངག་གི་རྣམ་དག་བླ་སྲོག་སྐད་ཆའི་མཛེས་པ་ལ་བསྟེན་གསར་གཏོད་བྱེད་དགོས་པས།ཐོག་མར་སྐད་ཆའི་ཕུན་ཚོགས་ལ་དབང་འབྱོར་བར་བྱེད་པ་ནི་སྙན་ངག་གསར་རྩོམ་གྱི་མ་མཐའི་ཆ་རྐྱེན་ཞིག་ཏུ་འདོད།   ཞན་ཆའམ་དགེ་མཚན་གང་ལ་ངོས་འཛིན་བྱེད་མི་ཤེས་པའི་གནད་དོན་ཅིག་ཡོད་ནི།   ཐེངས་འདིའི་སྙན་ངག་མང་ཤས་ཀྱི་ནང་དུ་སྐྱོ་གདུང་དང་ངལ་དུབ།འཁང་ར་དང་ཡིད་མུག་དང་སྡང་སེམས་ཀྱིས་ཁེངས་པ་ལས།   བདེ་སྐྱིད་དང་བག་ཡངས།   ཕུགས་བསམ་དང་འཆར་ཡན།   རྟོག་བཏགས་དང་སྟོང་བསམ་ལ་དབྱེར་མེད་བསྲེས་པའི་སྙན་ངག་གི་རྟོག་ཡུལ་མཐོང་བ་ཤིན་ཏུ་བཀོན་པ་དེས་དོན་ངོ་མར་དེང་གི་སློབ་གླིང་སྙན་ངག་གི་སྟེགས་བུ་འདི་ཅི་ཞིག་ཏུ་འགྱུར་གྱིན་ཡོད་པ་བློ་དང་ལྡན་པ་ཀུན་གྱིས་ངེས་པར་དུ་དཔྱོད་དགོས་པའི་གནས་ཤིག་ཏུ་འཁུམས་སོ།།
 
  • ལེ་ཚན་སྔོན་མ།:ལྷ་ལྡན་ཞིང་དུ་བོན་གྱི་དད་ལྡན་པ་ཚོས་ལོ་མཆོད་ཕུལ་བ།
  • ལེ་ཚན་རྗེས་མ།:བོད་ཀྱིས་“ལོ་ལྔ་ཚན་བཅུ་གཉིས་པའི་”རིང་གི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭ་ལས་འགོ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།