རྒྱལ་སའི་ལས་རིགས་སོ་སོས་གཟབ་རྒྱས་ཆེ་བའི་སྒོ་ནས་ལྕགས་ཕག་ལོའི་གསར་བརྗེ་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུས་པ་དང་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-10-11

རྒྱལ་སའི་ལས་རིགས་སོ་སོས་གཟབ་རྒྱས་ཆེ་བའི་སྒོ་ནས་ལྕགས་ཕག་ལོའི་གསར་བརྗེ་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུས
ལྕགས་ཕག་ལོའི་གསར་བརྗེ་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས9ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་ངོ་བརྒྱའི་སྔོན་ལ། སྐུ་ཞབས་སུན་ཀྲུང་ཧྲན་འཐུས་ཚབ་ཡིན་པའི་གསར་བརྗེ་ཏང་མིས་འཛམ་གླིང་ཡ་ང་བར་བྱེད་པའི་ལྕགས་ཕག་ལོའི་གསར་བརྗེ་བསླངས་ཏེ། ཀྲུང་གོའི་སྔ་ན་མེད་པའི་སྤྱི་ཚོགས་བསྒྱུར་བཅོས་ཀྱི་མགོ་བརྩམས། དེ་རིང་ང་ཚོས་ལྕགས་ཕག་ལོའི་གསར་བརྗེ་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ཆེ་བའི་སྒོ་ནས་དྲན་གསོ་ཞུ་བ་དང་། སྐུ་ཞབས་སུན་ཀྲུང་ཧྲན་སོགས་ལྕགས་ཕག་ལོའི་གསར་བརྗེའི་སྔོན་ཁྲིད་པ་རྣམས་ཀྱི་ལོ་རྒྱུས་མཛད་རྗེས་སྙིང་ནས་དྲན་སྐབས། ཁོང་ཚོའི་ཀྲུང་ཧྭ་དར་རྒྱས་སུ་གཏོང་བའི་ཉམས་མེད་མཆོག་གྱུར་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཀྲུང་ཧྭའི་བུ་བུ་མོ་རྣམས་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་པའི་སྐུལ་མ་གཏོང་དགོས་ཟེར།

ཅང་ཙེ་མེན་དང་བུའུ་པང་གོ། བུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲུན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་བཅས་ཚོགས་ཆེན་ལ་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་མེ་ཏོག་རྣམ་པར་བཞད་ཅིང་གློག་འོད་ལྷམ་མེར་བཀྲ་ལ་དགའ་སྤྲོའི་ཡོ་ལང་རྒྱས། ཀྲུའུ་ཞི་སྟེགས་བུའི་སྟེང་ཕྱོགས་སུ་ལྕགས་ཕག་ལོའི་གསར་བརྗེ་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ཞེས་པའི་ཚོགས་རས་བཀལ་ཡོད་པ་དང་། རྒྱབ་རས་ཀྱི་དཀྱིལ་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་འདྲ་ཆེན་པོ་ཞིག་ཡོད་ལ། དེའི་ལོགས་གཉིས་སུ་བཀྲགས་མདངས་འཚེར་བའི་དར་དམར་བཅུས་བརྒྱན་ཡོད་ཅིང་། དེའི་གོང་དུ་བཀལ་བའི1911ནས2011ལོའི་བར་ཅེས་པའི་ཡིག་འབྲུའི་ཐོག་ཏུ་འོད་མདངས་བཀྲ།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཅ་ཆིན་ལིན་གྱིས་དྲན་གསོའི་ཚོགས་ཆེན་མགོ་བརྩམས་པ་བསྒྲགས་པ་ན། ཚོགས་མི་ཡོངས་ཀྱིས་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། གཅིག་སྟོང་བརྒྱད་བརྒྱ་བཞི་བཅུ་ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཀ་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར་པ་དང་། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་ལ། བཀས་བཀོད་ཀྱི་དབང་སྒྱུར་རུལ་སུངས་ནུས་མེད་དུ་གྱུར་ཞིང་། རྒྱལ་ནང་དུ་ཟིང་འཁྲུག་མཚམས་མ་ཆད་པར་མ་ཟད། མི་དམངས་ཀྱིས་གྲང་ལྟོགས་མྱངས་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་སྟེང་མཐོང་དཀོན་པའི་སྡུག་བསྔལ་ཆེན་པོ་མྱངས། ལྕགས་ཕག་ལོའི་གསར་བརྗེ་བྱུང་བ་ནི་སྐབས་དེའི་ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་རང་བཙན་བརྩོན་ལེན་བྱེད་པ་དང་ཀྲུང་ཧྭ་དར་རྒྱས་སུ་གཏོང་བའི་རེ་འདོད་ཟབ་མོའི་གཅིག་བསྡུས་མཚོན་བྱེད་ཡིན་ལ། སྐབས་དེའི་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་སྐྱོབ་ཆེད་འབད་འཐབ་ལྷོད་མེད་བྱས་པའི་གཅིག་བསྡུས་མཚོན་བྱེད་ཀྱང་རེད་ཟེར།

ཧུའུ་ཅིན་ཐའོ་ཡིས་ནན་གྱིས་གསུངས་རྒྱུར། སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེ་བའི་མི་རིགས་ཀྱི་དཔའ་བོ་དང་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོ་གསར་བརྗེའི་རླབས་ཆེན་སྔོན་ཁྲིད་པ་བཅས་ཡིན། ཁོང་གི་མགོ་ཁྲིད་དང་ཤན་ཤུགས་འོག གསར་བརྗེའི་ཏང་མི་མང་པོ་དང་རྒྱལ་གཅེས་མི་སྣ་གྲངས་མེད་ཀྲུང་ཧྭ་དར་རྒྱས་སུ་གཏོང་བའི་དར་ཆའི་འོག་ཏུ་འདུས་ནས། གསར་བརྗེའི་ཚ་རླབས་བསླངས། ལྕགས་ཕག་ལོའི་གསར་བརྗེས་ཉེ་རབས་ཀྱི་མི་རིགས་དམངས་གཙོའི་གསར་བརྗེའི་མགོ་དངོས་སུ་བརྩམས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་བཅིངས་འགྲོལ་ལ་སྐུལ་འདེད་ཆེན་པོ་བཏང་ཞིང་། ཀྲུང་གོ་འཕེལ་རྒྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་འབྱུང་བའི་བགྲོད་ལམ་འཚོལ་ཞིབ་བྱས། སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་ཁྲིད་པས་ཀྲུང་ཧྭ་མི་རིགས་ལ་བཞག་པའི་ལོ་རྒྱུས་ཀྱི་མཛད་རྗེས་ནི་ལོ་རྒྱུས་དེབ་ཐེར་དུ་གསལ་ལེར་བཀོད་ཡོད་ལ། ལྕགས་ཕག་ལོའི་གསར་བརྗེའི་ཁྲོད་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་པ་དང་རང་སྲོག་བློས་བཏང་བའི་བློ་མཐུན་རྣམས་ལ་ནམ་ཡང་ཀྲུང་གོ་མི་དམངས་ཀྱིས་བརྩི་བཀུར་དང་དྲན་གསོ་ཞུ་དགོས་ཤིང་། ལྕགས་ཕག་ལོའི་གསར་བརྗེ་ནི་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བགྲོད་ལམ་སྟེང་ཀྲོང་ངེར་འགྱིངས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན་ཟེར།

ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་གསར་བཏོད་བྱས་པའི་གསར་བརྗེའི་བྱ་གཞག་གི་ཆེས་བློ་སེམས་བརྟན་པའི་རྒྱབ་སྐྱོར་མཁན་དང་ཆེས་མཛའ་བརྩེ་ལྡན་པའི་མཉམ་ལས་པ། ཆེས་ལྷག་བསམ་དཀར་བའི་རྒྱུན་འཛིན་པ་བཅས་ཡིན་ལ། སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་ཁྲིད་མི་སྣའི་རླབས་ཆེན་འདུན་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ལོ་ངོ་ཉི་ཤུ་ལྷག་གི་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དེ། ཀྲུང་གོ་མི་དམངས་ཀྱིས་མཇུག་མཐར་དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་གསར་བའི་རྒྱལ་ཁ་བླངས་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་མི་དམངས་ལ་དམངས་གཙོའི་དབང་ཆ་ཡོད་པ་དང་མི་དམངས་ཀྱིས་བདེ་སྐྱིད་འཚོ་བ་རོལ་བའི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་ཕུགས་བསམ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་སྒོས་འཛམ་གླིང་གིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་ཤིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་རྟོགས་བརྗོད་གསར་བ་བརྩམས། སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཀྲུང་ཧྭ་དར་རྒྱས་སུ་གཏོང་བའི་འདུན་པ་དྲག་པོ་དང་། ལྕགས་ཕག་ལོའི་གསར་བརྗེའི་སྔོན་ཁྲིད་མི་སྣའི་ཕུགས་བསམ་བཟང་པོ་དེ་ད་ལྟ་དོན་དངོས་སུ་གྱུར་དང་འགྱུར་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྔ་ན་མེད་པའི་འོད་སྟོང་གི་མདུན་ལྗོངས་ཤིག་མངོན་ཡོད་ཟེར།

ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་ལྗིད་ཅིང་ལམ་ཐག་རིང་བས། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་བཀོལ་སྤྱོད་བཟང་པོ་བྱས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་མཛུབ་སྟོན་དུ་འཛིན་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་ཟབ་མོ་བྱེད་པ། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་ལ་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཟེར།

ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་དང་རྒྱ་བསྐྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་རྒྱུན་འཁྱོངས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་ཡིན་པ་དང་འཕེལ་རྒྱས་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་རྒྱུན་ཆད་མེད་པར་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་པ། རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ་དམངས་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། རང་བཙན་རང་བདག་དང་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ། ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་འཆམ་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་མིའི་རིགས་ཀྱི་ཆེད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཤ་ཁྲག་གཅིག་ཏུ་འདྲེས་པ་དང་། སྐམ་ས་ཆེན་མོ་དང་ཐེ་ཝན་ནི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁྱིམ་གཞི་ཡིན། དེང་སྐབས་མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གཉེར་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་འཕྲད་ཡོད་པས། ལག་རྡང་མཉམ་སྦྲེལ་གྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། སེམས་ཤུགས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་གཅིག་གྱུར་གྱི་འབད་འཐབ་དམིགས་འབེན་དུ་འཛིན་འོས་ཟེར།

ཧུའུ་ཅིན་ཐའོ་ཡིས་མཇུག་མཐར་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཚེ། ང་ཚོ་ང་རྒྱལ་ཚད་མེད་སྐྱེས་ཆོག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་ལ་བལྟས་ཚེ། ང་ཚོར་ཡིད་ཆེས་ཆེན་པོས་ཁེངས་ཆོག ང་ཚོས་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་ལག་རྡང་མཉམ་དུ་སྦྲེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕུགས་བསམ་མངོན་འགྱུར་བྱེད་ཆེད། སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་ཁྲིད་མི་སྣ། ང་ཚོའི་རླབས་ཆེ་བའི་མི་རིགས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་སྟེ། དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་ཁྲོད་དུ་ཧུར་ཐག་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།  །

 


 

  • ལེ་ཚན་སྔོན་མ།:བོད་བྱང་ཐང་གི་འབྲོག་ཁུལ་མང་ཚོགས་ཀྱིས་རྩྭ་བརྔ་རྒྱུར་བྲེལ་བཞིན་ཡོད།
  • ལེ་ཚན་རྗེས་མ།:རྒྱལ་སྟོན་དུས་ཆེན་སྐབས་སུ་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་འབུམ་བཞི་དང་ཁྲི་གསུམ་ལྷག་སྣེ་ལ
  • དོ་སྣང་ཆེ་བའི་རྩོམ།