ཞི་ཅིན་ཕེན་གྱིས་འབར་མ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་ཆེད་མངགས་ཕོ་ཉར་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན    2011-10-11

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས10ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་འབར་མ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་ཆེད་མངགས་ཕོ་ཉ། ཕྱི་འབྲེལ་པུའུ་ཀྲང་བུའུ་བུན་ན་མའོ་ལུན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་བཟང་ཞིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་རྒྱུན་ལྡན་ཡིན་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དང་གཉིས་ཕན་འབྲེལ་བ་ཡུན་རིང་བོར་འཕེལ་རྒྱས་སུ་སོང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཏེ། འགྱུར་བ་མེད་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་སྐུལ་འདེད་བཏང་ནས་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

  ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒྱལ་ཁབ་གཉིས་བར་གྱི་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་འབྲེལ་བར་མཐོང་ཆེན་བྱས་ཏེ། མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་གཞི་རྩའི་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་གཏོང་འདོད་ཡོད་པ་དང་། མཉམ་ལས་ཀྱི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་གྱི་ཐད་ནས་ཕྱོགས་གཉིས་ཀྱིས་མཛའ་མཐུན་གྱི་གྲོས་མོལ་བྱེད་པ་དང་ཐག་གཅོད་ཀྱི་བྱེད་ཐབས་བཟང་བོ་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་འབྲེལ་བ་བདེ་བླག་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས་ཟེར།

  བུའུ་བུན་ན་མའོ་ལུན་གྱིས་ཐོག་མར་ཙུང་ཐུང་བུའུ་ཏིན་ཧྲིན་གྱིས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ལ་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད་པ་དང་། ཙུང་ཐུང་བུའུ་ཏིན་ཧྲིན་དང་འབར་མ་སྲིད་གཞུང་གིས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ཏེ། གཉིས་ཕན་མཉམ་ལས་འབྲེལ་བ་གཏིང་ཇེ་ཟབ་ལ་བཏང་ནས་རྒྱུན་ཆད་མེད་པར་འབར་མ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཧྥ་རན་སིའིw3cའཕྲིན་གཏོང་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:བོད་བྱང་ཐང་གི་འབྲོག་ཁུལ་མང་ཚོགས་ཀྱིས་རྩྭ་བརྔ་རྒྱུར་བྲེལ་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།