ཞི་ཅིན་ཕིང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་དབུ་བརྙེས་ནས་ལོ65འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
གངས་སྐྱིད་ཀྱིས་བསྒྱུར། 2014-09-25
ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུས་ཧྲན།ཝང་ཆི་ཧྲན་བཅས་ཚོགས་ཆེན་དུ་ཞུགས། ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས། ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ9པའི་ཚེས21ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་ཀྲུང་གོ་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ65འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་གལ་ཆེའི་རྣམ་པ་ཞིག་ཡིན་པ་རེད། མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་བླང་བྱ་དང་འཕྲོད་དགོས་ལ། བཅོས་བསྒྱུར་གསར་སྐྲུན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་འདུ་ཤེས་གསར་སྐྲུན་དང་། ལམ་ལུགས་གསར་སྐྲུན། ལས་ཀ་གསར་སྐྲུན་བཅས་བྱེད་པར་སྐུལ་འདེད་ཀྱང་གཏོང་དགོས། དམངས་གཙོའི་རྣམ་པ་ཕུན་སུ་ཚོགས་པོ་བྱས་ཏེ་དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཏང་ཤོག་ཁག་དང་ཚོགས་པ་ཁག མི་རིགས་སོ་སོ། རིམ་གྲས་སོ་སོ། ལས་རིགས་ཁག་གི་མི་སྣ་སོགས་ནུས་ལྡན་གྱིས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་རྒྱལ་དོན་གྲོས་མོལ་བྱས་པར་བརྟེན།ཁྱབ་རྒྱ་ཆེ་ལ་ཕན་ནུས་ལྡན་པའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱིས་ལོ65ཡི་རིང་ལ་ལག་ལེན་ཕུན་སུམ་ཚོགས་པོ་བྱས་ཐོག་རྩ་ཆེ་བའི་ཉམས་མྱོང་བསགས་ཏེ་ང་ཚོས་མི་དམངས་སྲིད་གྲོས་ཀྱི་ལས་ཀ་ཡག་པོ་སྒྲུབ་པར་གལ་ཆེའི་རྩ་དོན་གཏན་འཁེལ་བྱས་ཡོད། མི་དམངས་སྲིད་གྲོས་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཀྲུང་གུང་གུང་ཁྲན་ཏང་གིས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ངོ་བོའི་གནད་ཐིག་གཏན་འཁེལ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་རེད། མི་དམངས་མང་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གཙོ་གནད་ཡིན་པ་རེད། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འཐབ་ཇུས་དང་ལས་ཀ་འབོར་ཆེན་དེ་གཙོ་བོར་གཞི་རིམ་དུ་བྱུང་བཞིན་པ་རེད། དམངས་དང་མཉམ་དུ་གྲོས་མོལ་དང་མི་དམངས་ཀྱི་ཆེད་དུ་གྲོས་མོལ་བྱ་རྒྱུའི་བླང་བྱ་ལྟར། ཤུགས་ཆེན་པོས་གཞི་རིམ་གྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་སྐབས་གཙོ་གནད་དེ་གཞི་རིམ་གྱི་མང་ཚོགས་ཁྲོད་དུ་གྲོས་མོལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་དང་དམིགས་བསལ་གྱི་དགེ་མཚན་ཡིན་ལ། ཀྲུང་གུང་གུང་ཏན་ཏང་གི་མང་ཚོགས་ལམ་ཕྱོགས་དེ་ཆབ་སྲིད་ཁྱབ་ཁོངས་དུ་གལ་ཆེའི་མཚོན་མཚོན་ཚུལ་ཞིག་ཀྱང་རེད། མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་དགོས་ན།ང་ཚོར་རྒྱལ་སྐྱོང་སྲིད་གཉེར་བྱེད་རིང་མི་དམངས་ནང་ཁུལ་གྱི་ཕྱོགས་སོ་སོའི་ཐད་ལ་ཡོངས་ཁྱབ་ཏུ་གྲོས་མོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ང་ཚོས་དོན་དག་ཡོད་ཕྱིར་གྲོས་བསྡུར་ཡང་ཡང་བྱེད་པ་དང་། དོན་དག་དང་འཕྲོད་དུས་གྲོས་བསྡུར་ཡང་ཡང་བྱེད་པ། བྱ་བ་སྒྲུབ་དུས་གྲོས་བསྡུར་ཡང་ཡང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོས་བསྡུར་དེ་བས་མང་པོ་དང་ཟབ་མོ་བྱེད་ན་གྲུབ་འབྲས་དེ་བས་ཡག་པོ་ཐོབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཡོངས་ཁྱབ་དང་གོ་རིམ་མང་པོའི་ལམ་ལུགས་ཅན་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།
ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་གཙོ་འགན་བཞེས་དུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ་དེ་ང་ཚོས་སྒོ་ཀུན་ནས་ཀྲུང་གུང་ཚོགས་ཆེན་བཅུ་བརྒྱད་པ་དང་སྐབས་བཅུ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་མཐའ་ཕྱིན་བསྟར་བ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་པ། མི་དམངས་སྲིད་གྲོས་དེའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆབ་སྲིད་རྩ་འཛུགས་དང་དམངས་གཙོ་རྣམ་པའི་དམིགས་བསལ་གྱི་དགེ་མཚན་འདོན་སྤེལ་དེ་བས་ཡག་པོ་བྱེད་པ། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་སོ་སོ། རིམ་གྲས་སོ་སོ ལས་རིགས་ཁག་གི་མི་སྣའི་བློ་གྲོས་གོང་བུ་གཅིག་ཏུ་བགྲིལ་ནས་ཐུན་མོང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཧ་ཅང་གལ་ཆེའི་ཁྲིད་སྟོན་གྱི་སྙིང་དོན་ལྡན་པ་རེད།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ་ཁ་ཤས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཀྱི་མི་དམངས་ཚོགས་པའི་གཙོ་འགན་ཁུར་མཁན་གྱི་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མི། པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་།ས་གནས་སྲིད་གྲོས། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་ཁྱོན་བསྡོམས800ལྷག་ཚོགས་ཆེན་ནང་ཞུགས་ཡོད་པ་རེད།