བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོན་ཡོད།

    བོད་ལྗོངས་ཉིན་རེའི་ཚགས་པར།    2014-09-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ཕྱིན་ཆད་རང་ཁྱིམ་གྱི་སྒོ་ཁ་ནས་ནད་ལ་བརྟག་ཐུབ”ཅེས་ཉིང་ཁྲི་རྫོང་ཉིང་ཁྲི་གྲོང་བརྡལ་ཁམས་རགས་གྲོང་ཚོའི་གྲོང་མི་ཕུར་བུ་ཚེ་རིང་གིས་དགའ་སྤྲོ་ཆེན་པོས་ངང་དེ་སྐད་ལབ་བྱུང་། རྒྱུ་མཚན་ནི་ཁོང་རང་སྡོད་སའི་ཁམས་རགས་གྲོང་ཚོ་དེར་ནད་བརྟག་ཁང་དང་། ནད་བཅོས་ཁང་། སྨན་ཁབ་ཁང་། སྨན་ལེན་ཁང་། བོད་སྨན་ཁང་བཅས་གཅིག་འདུས་ཡིན་པའི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་སྨན་བཅོས་ས་ཚིགས་འཛུགས་རྒྱུ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། ཁམས་རགས་གྲོང་ཚོའི་སྨན་བཅོས་ས་ཚིགས་འཛུགས་པའི་དུས་མཚུངས་སུ་ཁེ་ནང་གྲོང་ཚོ་དང་། སྟེང་གྲོང་ཚོ་དང་། ཀླུ་མོ་གྲོང་ཚོ་སོགས་གྲོང་ཚོ25རུ་གཞི་ཁྱོན་ཧ་ལམ་རྨིད་གྲུ་བཞི་མ88ཡོད་པའི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་འཛུགས་རྒྱུ་ཡིན་མ་ཟད། དེར་སྨན་བཅོས་ས་ཚིགས་རེ་རེའི་ ནད་བརྟག་ཁང་དང་། ནད་བཅོས་ཁང་། སྨན་ཁབ་ཁང་། སྨན་ལེན་ཁང་། བོད་སྨན་ཁང་བཅས་ཀྱང་བཀོད་སྒྲིག་གནང་རྒྱུ་རེད།

རྣམ་གྲངས་སྐོར་ཁག་འདི་དག་ད་ལོའི་ཟླ5པའི་ཚེས14ཉིན་དངོས་སུ་བསྐྲུན་འགོ་ཚུགས་ཤིང་། དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི700ཙམ་བཏང་བ་དང་། 2015ལོའི་ཟླ10པའི་སྔོན་ལ་འཛུགས་བསྐྲུན་ལེགས་འགྲུབ་འབྱུང་རྒྱུ་རེད། སྐབས་དེར། ས་ཁོངས་དེ་གའི་མཐའ་འཁོབ་ཀྱི་ཞིང་འབྲོག་མང་ཚོགས6100ལ་ཕན་ཁེ་བསྐྲུན་རྒྱུ་མ་ཟད། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་དུ་སྨན་བཅོས་སྡེ་ཁག་ཡོངས་ཁྱབ་མངོན་འགྱུར་ཐུབ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཀྱི་མི་གྲངས་སྤྱིའི་བརྒྱ་ཆའི80ཡན་ནི་ཞིང་འབྲོག་མང་ཚོགས་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་འཇལ་ན་གནད་འགག་ནི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་གོ་ཆོད་ཐོབ་མིན་རག་ལས་པ་ཡིན་ཀྱང་། དེ་ལས་གལ་ཆེ་བ་ནི་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་སྨན་བཅོས་སྒྲིག་ཆས་དང་འཕྲོད་བསྟེན་མི་སྣ་ལེགས་པོ་བཀོད་སྒྲིག་བྱས་ཡོད་མིན་དེ་ཡིན། ཡིན་ནས་ད་ལྟའི་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་འཇོན་མིའི་ཁྱབ་ཚད་དོ་སྙོམས་མིན་ཞིང་། གཞི་རིམ་དང་མཐའ་འཁོབ་ཀྱི་དཀའ་ངལ་ཆེ་བའི་ས་ཁུལ་དུ་འཇོན་མི་ཧ་ཅང་དཀོན་པ། དཔུང་སྡེ་གཏན་འཇགས་མིན་པ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་འཇོན་མིའི་འཛུགས་བསྐྲུན་དེ་ནི་ཡུན་རིང་གི་དཀའ་ཁག་ཅིག་དང་གཟེངས་སུ་ཐོན་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

གནས་བབ་དེ་བཅོས་སྒྱུར་བྱ་ཆེད། ལོ་འདི་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གཞི་རིམ་སྨན་བཅོས་སྒྲིག་ཆས་ཆ་རྐྱེན་སྔར་བས་འཐུས་ཚང་དུ་བཏང་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཟབ་སྦྱོང་ལས་ཀར་ཤུགས་བསྣན་པ་དང་། གྲོང་ཚོའི་སྨན་པའི་རོགས་དངུལ་ཁ་གསབ་སོགས་ལག་བསྟར་གནང་སྟེ། རིམ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་སྨན་པའི་དཔུང་སྡེ་འཛུགས་བསྐྲུན་ལ་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས“གྲོང་ཚོ་གཅིག་ལ་འཕྲོད་བསྟེན་ཁང་གཅིག”འཛུགས་པའི་གོམ་འགྲོས་ལ་སྐུལ་འདེད་བྱས་ནས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁར་ནད་ལ་བརྟག་ཐུབ་པ་མངོན་འགྱུར་བྱས། དེ་དང་ཆབས་ཅིག འཇོན་མི་ནང་འདྲེན་དང་། སྐྱེད་བསྲིངས་ཟབ་སྦྱོང་། གཟེངས་རྟགས་ལ་བརྟེན་ནས་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ལ་འབད་བརྩོན་བྱས་པ་མ་ཟད། ལམ་ལུགས་སྒྲིག་འཛུགས་ཀྱི་འཇོན་མི་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་འཇོན་མིའི་དཔུང་སྡེའི་སྟོབས་ཤུགས་ཆེར་སྐྱེད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་པ་རེད།

ཉེ་བའི་ལོ་འདི་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས《བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་མི་ཤུགས་འཕེལ་རྒྱས་སྐོར་གྱི་འཆར་འགོད(2013ནས2020ལོའི་བར)》ལག་བསྟར་བྱས་ཤིང་། འཕྲོད་བསྟེན་ལག་རྩལ་མི་སྣ761བསྡུ་ལེན་བྱས་ཏེ་གཞི་རིམ་འཕྲོད་བསྟེན་སྡེ་ཁག་ཏུ་ལས་སྒྲུབ་ཏུ་མངགས་གཏོང་བྱས་པས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་མི་སྣའི་སྤྱིའི་གྲངས་ཀ14335ལ་སླེབས་པ་དང་། དེ་དང་ཆབས་ཅིག གཞི་རིམ་འཕྲོད་བསྟེན་འཇོན་མིའི་སྐུལ་འདེད་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ། གྲོང་ཚོའི་སྨན་པའི་ལས་རྐང་གི་ཁ་གསབ་ལམ་ལུགས་བཙུགས་ཐོག གྲོང་ཚོའི་སྨན་པར་ཟླ་རེའི་ཁ་གསབ་མ་དངུལ་སྒོར600སྤྲོད་ཀྱིན་ཡོད། ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་འཚོ་བའི་ཁ་གསབ་ལམ་ལུགས་བཙུགས་ཏེ། ལྗོངས་ཡོངས་ཀྱི་ས་ཁུལ་རིམ་པ་གཉིས་པ་དང་། གསུམ་པ། བཞི་བ། མཐའ་འཁོབ་ཀྱི་ཤང་དང་གྲོང་བརྡལ། མཐའ་འཁོབ་མ་ཡིན་པའི་ཤང་དང་གྲོང་བརྡལ་བཅས་རིམ་པ་ཁག་དབྱེ་ནས་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་པར་ཟླ་རེར་འཚོ་བའི་ཁ་གསབ་མ་དངུལ་སྒོར300ནས950བར་སྤྲོད་ཀྱི་ཡོད།

《བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་གྱི་མུ་འབྲེལ་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ལས་གནས་བསྐོ་བཞག་ཐོབ་ཐང་དཔྱད་ཞིབ་སྐོར་གྱི་ཞིབ་ཕྲའི་ནང་དོན》གཏན་ཁེལ་བྱས་ཏེ། གཞི་རིམ་འཕྲོད་བསྟེན་མི་སྣའི་ཡོན་གནས་དང་དཔྱད་རྩོམ་གྱི་བླང་བྱ་ལྷོད་ཡངས་སུ་བཏང་།

ལྗོངས་ཡོངས་ཀྱི་གཞི་རིམ་སྨན་གཡོག་དཔུང་སྡེ་སྔར་བས་རྒྱ་ཆེར་ཕྱིན། “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཤང་གྲོང་སྨན་པ” ཐོག་མ་བློ་བཟང་རྒྱལ་མཚན་གྱི་རྗེས་སུ། ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་སྨན་པ་བུ་ཆུང་ཉིད་ “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཤང་གྲོང་སྨན་པར”བདམས་པ་རེད།

ལྷག་པར་དུ་གླེང་འོས་པ་ཞིག་ལ། འཛམ་གླིང་ཡོངས་སུ་ད་དུང་སྔར་མུས་སུ་སྤྱོད་ཀྱིན་པའི་སྲོལ་རྒྱུན་གསོ་རིག་མ་ལག་དཀོན་པོའི་གྲས་ཀྱི་གཅིག་སྟེ། ད་བར་དུ་ལོ་ངོ༢༥༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པ་ནི་དེང་གི་ཆར་ཡང་བོད་ཀྱི་རྒྱ་ཆེ་བའི་མང་ཚོགས་ཀྱི་གོང་བཀུར་དང་དང་ལེན་བྱེད་ཀྱི་འདུག་པ་མ་ཟད། བོད་ཀྱི་གསོ་རིག་གི་དཔུང་སྡེ་ཆེན་པོ་གང་དེ་གཞི་རིམ་མཐའ་ཡས་པའི་རྩྭ་ཐང་དང་། གྲོག་རོང་། རྣང་ཞིང་སོགས་སུ་་ཁྱབ་འདུག་གོ །

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་བོད་སྨན་དོ་དམ་ཅུས་ཀྱི་ཅུས་ཀྲང་པདྨ་གཡང་སྒྲོན་གྱིས“བོད་དུ་བོད་ལུགས་སྨན་བཅོས་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ལྗོངས་ཡོངས་ཀྱི་གཞི་རིམ་བོད་སྨན་སྡེ་ཁག་ཀུན་ཀྱིས་བོད་ལུགས་མེ་བཙའ་དང་། བརྟག་ཐབས། སྨན་ལུམས་སོགས་སྨན་བཅོས་ལག་རྩལ་དུ་མ་སྤྱད་དེ། རྒྱུན་མཐོང་ནད་དང་། འབྱུང་སླའི་ནད། དྲག་པོའི་ནད་སོགས་ལ་སྨན་བཅོས་བྱེད་ཀྱི་འདུག་པ་མ་ཟད། བོད་སྨན་ཁང་དང་བོད་སྨན་ཚན་ཁག་ཁ་ཤས་ཀྱིས་རང་ས་གནས་ཀྱི་སྨན་རྩྭ་དང་སྨན་རྒྱུའི་ཐོན་ཁུངས་སྤྱད་ནས་བོད་སྨན་གྱི་སྨན་སྣ་བརྒྱ་ལྷག་སྡེབ་སྦྱོར་གནང་ཐུབ་ཀྱི་ཡོད”ཅེས་ཟེར།

མིག་སྔའི་བར་དུ། བོད་ལྗོངས་ཀྱི་བོད་སྨན་སྡེ་ཁག༣༣ཡི་ནང་དུ། རང་སྐྱོང་ལྗོངས་རིམ་པའི་བོད་སྨན་ཁང་གཅིག་དང་། ས་གནས(གྲོང་ཁྱེར)རིམ་པའི་བོད་སྨན་ཁང6དང་། རྫོང་རིམ་པའི་བོད་སྨན་ཁང22འདུས་ཡོད། རྫོང་རིམ་པའི་སྨན་ཁང་གཞན་དག་ཏུ་བོད་སྨན་ཚན་ཁག་བཙུགས་མེད། ལྗོངས་ཡོངས་ཀྱི་བོད་སྨན་ཁང་གི་ནད་ཁྲི1364ལ་སླེབས་ཡོད་པ་དང་། སྒྲིག་ཁོངས་ཡོད་པའི་སྨན་པ1901ཡོད།

བོད་སྨན་ནི་ལྗོངས་ཡོངས་ཀྱི་གཞི་རིམ་སྨན་ཁང་དང་སྨན་པའི་དཔུང་སྡེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མིག་སྔར། ལྗོངས་ཡོངས་ཀྱི་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་བརྒྱ་ཆའི75དང་གྲོང་ཚོའི་འཕྲོད་བསྟེན་ཁང་བརྒྱ་ཆའི13ཙམ་གྱིས་བོད་སྨན་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད། དེའི་ནང་གི་གྲོང་ཚོའི་སྨན་པ་བརྒྱ་ཆའི40ཡིས་བོད་སྨན་གྱི་སྨན་བཅོས་བྱེད་ཐབས་སྤྱད་ནས་ནད་པར་སྨན་བཅོས་བྱེད་ཀྱི་ཡོད།

ངོ་སྤྲོད་ལྟར་ན། 2013ལོར། བོད་རང་སྐྱོང་ལྗོངས་ཀྱིས་བོད་སྨན་དེ་གཞི་རྩའི་སྤྱི་བའི་ཞབས་ཞུའི་རྣམ་གྲངས་སུ་བཅུག་པ་དང་། བོད་སྨན་གྱི་ཁྱད་ཆོས་དང་ཟུང་དུ་འབྲེལ་ནས《བོད་སྨན་གྱི་བདེ་ཐང་དོ་དམ་ཞབས་ཞུ་དང་ལག་རྩལ་སྐོར་གྱི་ཚད་གཞི》བཟོས་པ་མ་ཟད་རིམ་བཞིན་ལྗོངས་ཡོངས་སུ་ཟབ་སྦྱོང་གནང་པ་དང་། ལྗོངས་ཡོངས་ཀྱི་རྫོང་རིམ་པའི་བོད་སྨན་ཁང་དང་ཤང་དང་གྲོང་བརྡལ་རིམ་པའི་འཕྲོད་བསྟེན་ཁང་དུ་བོད་སྨན་གྱི་སྲོལ་རྒྱུན་སྨན་དཔྱད་སྐོར་གྱི་སྒྲིག་ཆས་ཆ་ཚང༩༠༠བཟོས་ནས་ཞིང་འབྲོག་ས་ཁུལ་གྱི་བོད་སྨན་ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་བས། ལྗོངས་ཡོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པའི་བོད་སྨན་སྡེ་ཁག་གིས་གཞི་རྩའི་སྟེང་བོད་སྨན་དང་འཚམ་པའི་ལག་རྩལ་སྐོར་གྱི་ཞབས་ཞུ་སྒྲུབ་ཐུབ་པ་བྱུང་བ་དང་། དེས་བོད་སྨན་དང་འཚམ་པའི་ལག་རྩལ་སྔར་བས་རྒྱུད་འཛིན་དང་རྒྱ་བསྐྱེད་གནང་ཡོད།

འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པས། བོད་སྨན་གསོ་རིག་གི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ་བཅས་རིམ་བཞིན་འཕེལ་རྒྱས་བྱུང་པ་དང་བསྟུན། རིམ་པ་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་བོད་སྨན་ཁང་དེ་ནུབ་བྱང་གི་ལྗོངས་ཞིང་ལྔའི་བོད་སྨན་ཕྱོགས་བསྡུས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་བོད་སྨན་ཞིབ་འཇུག་རྟེན་གཞིར་བསྐྲུན་པར་ནུས་ཤུགས་འདོན་འཆར་ཡོད། 2020ལོར་སླེབས་དུས། བརྒྱ་ཆའི95ཡན་གྱི་ཤང་(གྲོང་བརྡལ)གི་འཕྲོད་བསྟེན་ཁང་དུ་བོད་སྨན་སྨན་བཅོས་ཁང་དང་བོད་སྨན་ཁང་བཙུགས་ཏེ། བརྒྱ་ཆའི75ཡན་གྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གིས་བོད་སྨན་གྱི་ཞབས་ཞུ་མཁོ་སྤྲོད་གནང་ཐུབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བསྟན། ། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཀྲུང་གོ་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལ་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།