བོད་ལྗོངས་ཉིན་རེའི་ཚཌ་པར་ཐོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60འཁོར་བར་དྲན་གསོ་ཞུ་བའི་ཆེད་བརྗོད་སྤེལ་ཡོད

    བོད་ལྗོངས་རླུང་འཕྲིན་དྲ་བ།    2011-05-27

སྤྱི་ཟླ5པའི་ཚེས23ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60འཁོར་བར་དྲན་གསོ་ཞུ་ཞེས་པའི་ཆེད་བརྗོད་སྤེལ་ཡོད་པ་རེད། 

    ཆེད་བརྗོད་ནང་ལོ་ངོ60གོང་གི་དེ་རིང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རླབས་ཆེན་མེས་རྒྱལ་གྱི་རྒྱལ་ས་པེ་ཅིང་དུ་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་འཁྲིད་བྱས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་བྱ་བཞག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་བོད་དུ་གནས་པའི་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་ལྷག་མ་རྣམས་རྩ་མེད་ཐར་ཕྱིན་བཏང་ནས་མེས་རྒྱལ་སྐམ་ས་ཆེན་མོ་ཁྱོན་ཡོངས་ནས་གཅིག་འགྱུར་མངོན་འགྱུར་བྱུང་བ་དང་དུས་ཡུན་རིང་པོའི་ནང་བོད་ཀྱི་སྤྱི་ཚོགས་རྗེས་ལུད་ཀྱི་རྣམ་པ་མེད་པ་བཟོས་ནས་བོད་དུ་དམངས་གཙོའི་བཅོས་བསྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ་མངོན་འགྱུར་བྱུང་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་རྩ་བའི་རྨང་གཞི་བཏིང་ཐུབ་པ་བྱུང་བ་རེད། དུས་ནས་བཟུང་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་འགོ་བཙུགས་པ་དང་བོད་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་བའི་འགྲོ་ལམ་གསར་པ་གཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་བསྒྲིལ་ཆེན་མོ་གོང་འཕེལ་གཏོང་བའི་དུས་རབས་གསར་པ་གཏོད་ཡོད་པ་རེད་ཅེས་འཁོད་ཡོད་པ་རེད། ཆེད་བརྗོད་ནང་ལོ་ངོ60གོང་འཕེལ་གྱི་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་བསྒྲིལ་སྣེ་འཁྲིད་ཀྱིས་འཛམ་གླིང་ཡང་རྩིའེ་སྟེང་མི་སེམས་འགུལ་བའི་བྱས་རྗེས་རེ་རེ་བཞིན་གསར་གཏོད་བྱས་ནས་བོད་འདི་ཉིད་མུན་ནག་ལས་འོད་ཟེར་ཕྱོགས་དང་རྗེས་ལུས་ནས་ཡར་རྒྱས་ཕྱོགས། སྒེར་གཅོད་ནས་དམངས་གཙོ། དབུལ་ཕོངས་ནས་ཕྱུག་འགྱུར། སྒོ་རྒྱག་ནས་སྒོ་དབྱེ་བཅས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་དེ་གངས་ལྗོངས་ས་མཐོའི་ཐོག་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཡར་ཐོན་གྱི་བརྗིད་ཆགས་ཡིད་འོངས་ལྡན་པའི་ལེའུ་གསར་པ་བཀོད་ཡོད་པ་རེད། དོན་དངོས་ཐོག་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང༌། བོད་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་འཚོ་བ་ཡོང་མི་སྲིད། བོད་ལྗོངས་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་འཁྲིད་མཐའ་འཁྱོངས་བྱེད་པ་དང༌། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུ་གཏོད་རྒྱུ་མཐའ་འཁྱོངས་བཅས་བྱས་པ་་ཡིན་ན་གཞི་ནས་དར་རྒྱས་ཕུན་སུམ་ཚོགས་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཐུབ་ངེས་རེད་ཅེས་འཁོད་ཡོད་པ་དང༌། ཆེད་བརྗོད་ནང་སྤྱི་ལོ2010ལོའི་ཟླ་བ་དང་པོར་བོད་ལྗོངས་མཆོངས་བསྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འགག་རྩའི་དུས་སུ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྐོང་འཚོགས་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་བོད་ཀྱི་མཆོངས་བསྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་བ་དེས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་གྱི་ཐུགས་འཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད་པ་རེད། ད་ལོ་ནི་ལོ་ལྔ་ཚན་བཅུ་གཉིས་པ་འགོ་བཙུགས་པའི་ལོ་ཞིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་བའི་ལོ་ཞིག་ཡིན་པས་ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་བློ་མཐུན་ཧུའུ་ཇིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ས་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང༌། ཏིང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ནས་ཀྲུང་དབྱང་གི་དུས་རབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བྱེད་ཕྱོགས་དང་འབད་ཐབས་ཡར་བརྩོན། མཐུན་བསྒྲིལ་འབད་ཐབས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་རྒྱུ་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱུན་ཆད་མེད་པར་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུ་དང་ཧུར་བརྩོན་ཆེན་པོས་དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་མ་འོངས་གཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རླབས་ཆེན་ལེའུ་གསར་པ་བརྩམས་པ་རེད་ཅེས་ནན་བཤད་བྱས་ཡོད་པ་རེད།  །
 
  • ལེ་ཚན་སྔོན་མ།:ཧོང་ཡོན་རྫོང་གིས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་ཁག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60འཁོར་བར་བཞུགས་མོལ་གནང
  • དོ་སྣང་ཆེ་བའི་རྩོམ།