ཀྲུང་གོའི་བོད་སྐད་རླུང་འཕྲིན། 2014-09-03
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝང་ཡང་གིས་ཨུ་ལུམ་ཆིར་སྐབས་བཞི་པའི་ཀྲུང་གོ་དང་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་། ཀྲུང་གོ་དང་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་དཔལ་འབྱོར་གོང་འཕེལ་མཉམ་ལས་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གསུངས་ཡོད་པ་རེད། ཝང་ཡང་གིས་ལོ་གཅིག་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་མཉམ་སྐྲུན་བྱེད་རྒྱུའི་གྲོས་འགོ་བཏོན་གནང་ཡོད། དེ་ནི་གནའ་དཔྱད་དེང་རྟོགས་དང་། མ་འོངས་ལ་ཁ་ཕྱོགས་པའི་འཐབ་ཇུས་རིག་ལམ་ཞིག་ཡིན་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ཁྱབ་ཏུ་ལན་ཆ་བྱས་ཡོད།
སྐབས་འདིའི་དངོས་མང་འགྲེམས་ཚོགས་ཀྱིས་སྒོ་དབྱེ་མཉམ་ལས་དང་། མཉམ་དུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་ཞེས་པ་བརྗོད་དོན་གཙོ་བོར་བཞག་ཡོད་པ་དང་། དེའི་དམིགས་ཡུལ་ནི་གཏམ་ལམ་ཡངས་པོར་འབྱེད་པ་དང་། རིག་ལམ་གསལ་པོ་བཟོ་བ། ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་བཅས་ཀྱི་ཆེད་དུ་ཡིན། ཀྲུང་གོའི་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་དང་འདྲ་མཉམ་གྲོས་བསྡུར་དང་། དགོངས་ལམ་རྒྱ་ཁྱབ་ཏུ་བསྡུ་བ། སླ་བ་སྔོན་དང་དཀའ་བ་རྗེས། ཉིན་གསོག་ཟླ་འཇོག སེམས་ནུས་གཅིག་བསྒྲིལ་བཅས་བྱས་ཏེ་ལས་དོན་དེ་ཡག་པོ་བསྒྲུབས་རྒྱུ་དང་། གོམ་པ་རིམ་སྤོས་ཀྱིས་རླབས་ཆེའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་ཤིག་ཏུ་འགྱུར་བ་བྱ་འདོད་ཡོད་ཅེས་གསུངས་པ་དང་། ཝང་ཡང་གིས་ཤིན་ཅང་འདི་ཉིད་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ལྟེ་བའི་ཁུལ་དུ་གནས་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་པའི་ས་བབ་ཀྱི་བཟང་ཆ་དང་མི་ཆོས་རིག་གནས་ཀྱི་བཟང་ཆ་མངོན་གསལ་དོད་པོ་ལྡན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཤིན་ཅང་གིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་ཕྱི་ནང་ལ་སྒོ་དབྱེ་བྱེད་རྒྱུ་རྒྱ་ཆེར་གཏོང་བ་དང་། ཤར་སྦྲེལ་ནུབ་ཐོན་གྱི་རྒྱལ་སྤྱིའི་ཉོ་ཚོང་ལམ་ཆེན་ཞིག་སྐྲུན་ཏེ། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
རྒྱལ་ཁབ་དང་ས་ཁུལ60དང་། རྒྱལ་སྤྱིའི་སྒྲིག་འཛུགས4ནས་ཡོང་བའི་ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་གཙོ་བོ་དང་། དེ་བཞིན་སྐུ་མགྲོན་ཚོགས་འདུར་ཞུགས་ཡོད་པ་རེད། ཧ་སག་ཁེ་སི་ཐན་གྱི་ཙུང་ལི་མ་ཤི་མོ་ཧྥུ་དང་། ཅིར་ཅི་སི་ཐན་གྱི་ཙུང་ལི་ཨའོ་ཐོར་པ་ཡེ་ཧྥུ། ཀེ་རུ་ཅི་ཡའི་གྲོས་དཔོན་གཞོན་པ་ཅི་ཅི་ག་ལི་བཅས་ནས་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10