པད་མས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་རྒྱན་ཤོག་འགྲེམ་སྤེལ་བྱེད་དགོས་པའི་གྲོས་གཞི་བཏོན་པ།

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-03-07

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་རྒྱན་ཤོག་འགྲེམ་སྤེལ་བྱེད་དགོས་པའི་གྲོས་གཞི་བཏོན། ཐེངས་འདིའི་གསར་སྐྲུན་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འབུར་དུ་ཐོན་པའི་བསམ་ཕྱོགས་དེར་ཚང་མས་མཐོང་ཆེན་བྱས་ནས་ལག་བསྟར་བྱེད་དགོས་པར་འདོད།
 པད་མས་བཤད་རྒྱུར། རང་རྒྱལ་གྱིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་རྒྱན་ཤོག་འགྲེམ་སྤེལ་བྱེད་འགོ་བརྩམས་པ་དང་། ལོ་ཉེར་གཉིས་རིང་གི་ལག་ལེན་ཁྲོད་བདེན་དཔང་བྱས་པ་ལྟར་ན། རྒྱལ་ཁབ་ཀྱིས་འགྲེམ་སྤེལ་བྱས་པའི་རྒྱན་ཤོག་དངུལ་གསོག་ནི་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་མེད་དུ་མི་རུང་བ་དང་། སྤྱི་ཚོགས་སྤྱི་ཕན་ལས་དོན་འཕེལ་རྒྱས་གཏོང་བྱེད་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་གཙོ་བོ་ཡིན། ཉིས་སྟོང་དགུ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་རྒྱན་ཤོག་དོ་དམ་སྲོལ་ཡིག་ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་དེས་རང་རྒྱལ་གྱི་རྒྱན་ཤོག་ལས་དོན་གྱི་འཕེལ་རྒྱས་ལ་གཞི་འཛིན་སའི་བཅའ་ཁྲིམས་ཡོད་པ་དང་། ཚད་ལྡན་དོ་དམ་གྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། སྲོལ་ཡིག་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕན་བདེ་རྒྱན་ཤོག་དང་ལུས་རྩལ་རྒྱན་ཤོག་འགྲེམ་སྤེལ་བྱས་ཆོག་པ་གཏན་ཁེལ་གསལ་བོ་བྱས་ཡོད་ལ། རྒྱན་ཤོག་དེ་གཉིས་ལས་གཞན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་དང་། སྡེ་ཁག ལས་ཁུངས། མི་སྒེར་གང་གིས་ཀྱང་རྒྱན་ཤོག་འགྲེམ་སྤེལ་བྱས་ཆོག་པར་ཆོག་མཆན་བཀོད་མེད་ཟེར།
 པད་མས་བལྟས་ན། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་རྒྱན་ཤོག་འགྲེམ་སྤེལ་བྱེད་པ་དེས་གཅིག་ནས་སྤྱི་ཚོགས་ཀྱི་མ་དངུལ་ཁག་ཅིག་བསྡུས་ནས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཆོག་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་ལས་དོན་ལ་སེམས་ཁུར་དང་སྣེ་ཁྲིད་བྱེད་པའི་ཀུན་སྤྱོད་བཟང་པོ་དར་སྤེལ་བྱས་ཆོག་པས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་རྒྱན་ཤོག་འགྲེམ་སྤེལ་བྱེད་པའི་བསམ་འཆར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་རྒྱུའི་རེ་བ་བཏོན།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བས་པེ་ཅིན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་
  • ལེ་ཚན་རྗེས་མ།:སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།