ཤ་བོ། ཤིན་ཧྭ་དྲ་བ། 2014-08-27
ཟླ8པའི་ཚེས22ཉིན། བོད་ལྗོངས་ཀྱི་ཐེངས་ལྔ་བའི་བོད་སྨན་ངོས་འཛིན་འགྲན་བསྡུར་དེ་བོད་ལྗོངས་ལྷ་སར་དངོས་སུ་སྤེལ་བ་དང༌། འགྲན་ཞུགས་མི་སྣས་རྩྭ་སྨན་གྱི་དབྱིབས་དང་ཁ་དོག བྲོ་བ་སོགས་སྲོལ་རྒྱུན་གྱི་ངོས་འཛིན་ཐབས་ལམ་སྤྱད་དེ་སྨན་རིགས200ལྷག་ལ་ཡུལ་དངོས་ནས་ངོས་འཛིན་བྱེད་ཡོད་པ་རེད།
ཐེངས་འདིའི་བྱ་འགུལ་ནི་བོད་ལྗོངས་འཕྲོད་བསྟེན་འཆར་ལྡན་ཨུ་ལྷན་གྱིས་གཙོ་གཉེར་དང་བོད་ལྗོངས་བོད་སྨན་ཁང་གིས་དངོས་སུ་སྤེལ་བ་ཞིག་ཡིན། ཉིན་དེར་བོད་སྨན་སློབ་གླིང་དང་བོད་སྨན་ཁང་སོགས་རུ་ཁག11གི་མི་སྣ44དངོས་སུ་འགྲན་བསྡུར་ལ་ཞུགས་པ་དང༌། སྔ་གཞུག་གི་རིམ་པ་ལྟར་རྒྱན་བླངས་པ་དང་དུས་ཚོད་ལ་ལྟ་ཞིབ་དང་ཚོད་འཛིན་བྱས།
བོད་ལྗོངས་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་དགྲ་འདུལ་གྱིས། བོད་སྨན་ངོས་འཛིན་གྱི་འགྲན་བསྡུར་རྩ་འཛུགས་འདི་འདྲ་ཞིག་སྤེལ་བ་ནི། སྲོལ་རྒྱུན་གྱི་རྩྭ་སྨན་འཐུ་བ་དར་སྤེལ་དང་གཞུང་ལུགས་འཐུས་ཚང༌། དངོས་ཡོད་ལག་ལེན་ཐད་ལ་ཕན་ཁེ་ཆེན་པོ་ཞིག་ཡོད་ལ། ད་ལྟ་བོད་སྨན་ཆེད་གཉེར་གྱི་སྨན་པར་སྨན་རྩྭ་འཐུ་བའི་གོ་སྐབས་དེ་འདྲ་འཛོམས་པོ་ཞིག་གཏན་ནས་མེད། འོན་ཀྱང་སྨན་རྩྭ་ངོས་འཛིན་གྱི་ཤེས་བྱའི་ནུས་པ་ངེས་པར་མཐོར་འདེགས་སུ་གཏོང་དགོས་ཞེས་བཤད།
ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན། བོད་ཀྱི་གསོ་བ་རིག་པ་ནི་རང་རེའི་བསིལ་ལྡན་ཁ་བའི་ལྗོངས་སུ་ལོ་ངོ1400ལྷག་གི་རིང་དུ་རྒྱུད་འཛིན་བྱས་འོང་བ་ཤ་སྟག་ཡིན་ལ། རྒྱ་ཆེ་ལ་གཏིང་ཟབ་པའི་སྨན་གྱི་གསོ་རིག་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། འདི་ནི་མིག་སྔར་ཀྲུང་གོའི་ཆེས་ཆ་ཚང་ལ་སྙན་གྲགས་ཀྱི་བ་དན་ཨ་སྔོན་དབྱིངས་སུ་བསྐྱོད་པའི་མི་རིགས་ཀྱི་ཤུལ་ནོར་རྩ་ཆེན་ཞིག་ཀྱང་ཡིན།
བོད་ཀྱི་གསོ་བ་རིག་པ་དང་ཀྲུང་སྨན་གསོ་རིག གནའ་བོའི་རྒྱ་གར་གྱི་གསོ་རིག གནའ་བོའི་ཨ་ལ་པའོ་གསོ་རིག་ལ་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞི་ཞེས་གྲགས་པ་རེད།
བསྡོམས་རྩིས་བྱས་པ་ལྟར་ན། བོད་ཀྱི་རྒྱུན་སྤྱོད་རྩྭ་སྨན་གྱི་རིགས་ལ500ལྷག་ཡོད་ལ། མིག་སྔར་བོད་ལྗོངས་སུ་དུས་རྒྱུན་མཐོང་བའི་རྩྭ་སྨན་རིགས237ལྷག་ལ་སྤུས་ཀའི་ཚད་གཞི་བཟོས་པར་མ་ཟད། བོད་ཀྱི་རྩྭ་སྨན་ལ་ཡང་དག་པའི་གསལ་འབྱེད་དང་ངོས་འཛིན་གྱིས་ནད་ཐོག་གསོ་རིག་ལག་ལེན་གྱི་ནུས་པ་ངོས་འཛིན་ཐད་ལ་དོན་སྙིང་གལ་ཆེན་ལྡན་ལ། སྨན་པ་དང་སྨན་སྟེར་མཁན་ལ་མཚོན་ན་རྩྭ་སྨན་ངོས་འཛིན་ནི་ནད་པ་དང་ནད་ཐོག་གསོ་བཅོས་ཀྱི་རྩ་བའི་ཤེས་བྱ་དང་གནད་ཉག་གཅིག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10