མཚོ་སྔོན་གྱི་རྫོང་རིམ་པའི་སྲིད་གཞུང་བོད་ཡིག་དྲ་བ་ཐོག་མ་སྟེ་པདྨ་རྫོང་སྲིད་གཞུང་དྲ་བ་ཤར་གཏོང་བྱས་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-05-28
ཟླ5བའི་ཚེས23ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་སྲིད་གཞུང་གི་བོད་ཡིག་དྲ་བ་ཤར་གཏོང་བྱེད་པའི་མཛད་སྒོ་བསྡུས་པ་རེད། སྲིད་གཞུང་གི་བོད་ཡིག་དྲ་བ་དེས་པདྨ་རྫོང་གིས་བོད་དམངས་རྣམས་ལ་སྲིད་ཇུས་དྲིལ་སྒྲོག་དང་། ཕན་ཚུན་འབྲེལ་འདྲིས། ཞབས་ཞུ་སྒྲུབ་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཞིང་། པདྨ་རྫོང་གི་ཆ་འཕྲིན་ཅན་གྱི་བྱ་བ་རིམ་པ་གསར་བ་ཞིག་ཏུ་བརྒལ་བ་མཚོན་ཐུབ་པར་མ་ཟད། མཚོ་སྔོན་ཞིང་ཆེན་དུ་རྫོང་རིམ་པའི་སྲིད་གཞུང་གི་བོད་ཡིག་དྲ་བ་མེད་པའི་སྟོང་ཆ་བསྐངས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་པད་མ་རྫོང་སྲིད་གཞུང་བོད་ཡིག་དྲ་བར་འགོ་ཁྲིད་རབ་གསལ་དང་། སྲིད་དོན་ཆ་འཕྲིན། པདྨའི་གནས་ཚུལ་མདོར་བསྡུས། པདྨའི་ཡུལ་སྐོར། དཔལ་འབྱོར་འཛུགས་སྐྲུན། སྲིད་གཞུང་སྤྱི་བསྒྲགས། བརྙན་མཐོང་ཆ་འཕྲིན། ཞབས་ཞུ་ཚོམས་ཆེན། ཆེད་དོན་སྒྲིག་བྱང་སོགས་ལེ་ཚན་ཆེ་ཆུང40ལྷག་ཡོད་ཅིང་། མང་ཚོགས་ཀྱིས་དུས་ལྟར་སྲིད་དོན་ཆ་འཕྲིན་རྒྱུས་ལོན་བྱེད་པར་མཐུན་རྐྱེན་སྐྲུན་པ་དང་མཉམ་དུ། ཕྱི་ཕྱོགས་སུ་པད་རྫོང་གི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་འཕེལ་རྒྱས། སྣོད་བཅུད་བཀོད་པ་སོགས་ཁྱབ་སྒྲོག་བྱེད་པའི་ཆེད་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དྲ་བ་ཇུས་འགོད་བྱས་ཡོད་པ་རེད།