ཚེས25ཉིན་ཞི་ཉིར་ཨོ་སི་ཁྲུ་ལི་ཡར་སྡོད་པའི་ཀྲུང་གོའི་མཉམ་འབྲེལ་མཐུན་ཚོགས་དང་ཀྲུང་གོ་ཀོང་ཏུང་ཀྲུང་ཧྭ་མི་རིགས་རིག་གནས་སྐུལ་སྤེལ་ཚོགས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་སྟེང་བསྒྲགས་དོན། ཟླ9པའི་ཚེས3ཉིན་ནས་ཚེས13ཉིན་བར་ཞི་ཉི་ནས་བཀྲ་ཤིས་པའི་མཛའ་བརྩེ་ཞེས་བྱ་བ་བརྗོད་གཞི་ཡིན་པའི་ཀྲུང་གོའི་བོད་ཀྱི་ཐང་ག་འགྲེམ་སྟོན་བྱེད་གྲབས་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡར་སྡོད་པའི་ཀྲུང་གོའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཁྲང་མའོ་ཡིས་ཚོགས་ཞུགས་པ་རྣམས་ལ་ངོ་སྤྲོད་གནང་སྐབས་འདི་སྐད་དུ། ཐང་ག་ནི་ཀྲུང་གོའི་བོད་ཀྱི་རིག་གནས་ཁྲོད་དུ་ཐུན་མོང་མ་ཡིན་པའི་མཛེས་རིས་སྒྱུ་རྩལ་རྣམ་པ་ཞིག་ཡིན་ཞིང་། ཐེངས་འདིར་འགྲེམ་སྟོན་གནང་བའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས116ཡོད་པ་དང་། དེ་དག་ནི་ཀྲུང་གོའི་བོད་རིགས་ཁྲོད་དུ་སྐད་གྲགས་ཆོད་ཡོད་པའི་ལྷ་རིས་པ་མགོ་ལོག་ཤེས་རབ་རྒྱ་མཚོས་གསར་རྩོམ་གནང་བ་ཡིན་ཞིང་། ཐང་གའི་བརྩམས་ཆོས་མཐའ་དག་ལ་སྣ་མང་ཅན་གྱི་སྐུ་འདྲ་སྣ་ཚོགས་ཡོད་ལ། བོད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་དམངས་སྲོལ་ཁྱད་ཆོས་མཚོན་པའི་ཐང་གའང་མང་པོ་ཡོད་པ་རེད། པིར་མཁན་གྱིས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཐད་ཀྱི་བསམ་གཞིགས་དང་འབུར་དུ་ཐོན་པའི་བཟོ་རྩལ་ནུས་པ་ལས་རང་བྱུང་ཁམས་ལས་བརྒལ་བའི་ལྐོག་གྱུར་གྱི་ཡུལ་ཁམས་ཤིག་མཚོན་ཡོད་པ་རེད།