《ཀྲུང་གོའི་གནད་འགག་གི་ཐ་སྙད》ཅེས་པའི་སྐད་རིགས་མང་པོའི་པར་གཞི་དེ་ཧྥ་ནན་ཁེ་ཧྥུའི་དཔེ་དེབ་འགྲེམས་སྟོན་དུ་འཛམ་གླིང་ལ་ཐོག་མར་འགྲེམས་སྤེལ་བྱས།
གངས་སྐྱིད་ཀྱིས་བསྒྱུར། 2016-11-11
ཞིན་ཧྭ་གསར་འགྱུར་ཁང་ཧྥ་ནན་ཁེ་ཧྥུ་ནས་འབྱོར་བའི་གཏམ་གསར། ཀྲུང་གོའི་ཕྱི་རྒྱལ་གྱི་སྐད་ཡིག་ཅུས་དང་ཀྲུང་གོའི་ཡིག་བསྒྱུར་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་དུ་བརྩམས་པའི《ཀྲུང་གོའི་གནད་འགག་གི་ཐ་སྙད》ཅེས་པའི་སྐད་རིགས་མང་པོའི་པར་གཞི་དེ་ཉེ་ཆར་འཇར་མན་གྱི་ཧྥ་ནན་ཁེ་ཧྥུའི་དཔེ་དེབ་འགྲེམས་སྟོན་དུ་འཛམ་གླིང་ལ་ཐོག་མར་འགྲེམས་སྤེལ་བྱས་པ་རེད།
《ཀྲུང་གོའི་གནད་འགག་གི་ཐ་སྙད》ཅེས་པའི་སྐད་རིགས་མང་པོའི་པར་གཞིའི་ནང་དབྱིན་ཇི་དང་། ཧྥ་རན་སེ། ཨུ་རུ་སུ། སི་ཕེ་ན། ཨ་ཧྥུ་ཧན། འཇར་མན། ཕུའུ་ཐའོ་ཡ། ལྗར་པན། ལྷོ་ཁ་རེ་ཡ་བཅས་སྐད་རིགས9འདུས་ཡོད་ཅིང་། གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ། ཐབས་ཇུས་གསར་པ་ལ་དམིགས་ཏེ་ཀྲུང་གོ་སྐད་ཡིག་གི་ཐ་སྙད་ལ་ཆེད་དོན་དུ་བརྩམས་པ་དང་། གསེད་བཀྲོལ། སྐད་རིགས་མང་པོའི་རྩོམ་ཡིག་སྒྲིག་པ་དང་ཡིག་བསྒྱུར་བྱས་ཏེ་ཕྱོགས་བསྡུས་དང་། ཏང་གི་འཛུགས་སྐྱོང་། ཆབ་སྲིད། དཔལ་འབྱོར། ཕྱི་འབྲེལ་བཅས་ཆེད་དོན་ལྔའི་ཐོག་ནས་བསྡུས་གསལ་དང་། གསལ་པོ། ཡང་དག་པའི་སྒོ་ནས་ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་བསམ་ཕྱོགས། ཀྲུང་གོའི་སྲིད་ཇུས། ཀྲུང་གོའི་འཕེལ་རྒྱས་གཏོང་བའི་ལམ་བུ་བཅས་འགྲེལ་བཤད་བྱས་ཡོད་པ་རེད།
ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥང་ཀྲེན་ཧུའེ་ཡིས་བཤད་དོན། མཛད་སྒོའི་ཐོག་ཐོག་མར་འགྲེམས་སྤེལ་བྱས་པའི་དཔེ་དེབ་དེའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ནི་གནད་འགག་གི་ཐ་སྙད་སྤྱད་དེ་ཀྲུང་གོའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་ཅིང་། བརྗོད་བྱ་གཙང་བའི་སྐད་ཡིག་སྤྱད་དེ་ཐ་སྙད་རེ་རེའི་འབྱུང་རྐྱེན་དང་། སྲོག་ཤིང་གི་ནང་དོན། གལ་ཆེའི་དོན་སྙིང་སོགས་འགྲེལ་བཤད་བྱས་ཏེ་ཕྱི་རྒྱལ་གྱི་ཀློག་པ་པོས་ལྟ་བའི་སྐབས་སུ་ནང་དོན་གོ་བདེ་བ་རེད། ཀྲུང་གོར་རྒྱུས་ལོན་བྱེད་སའི་སློབ་དེབ་དང་སྤྱོད་གོ་ཆོད་པའི་ལག་ཁྱེར་ཡག་པོ་ཞིག་རེད་ཅེས་བཤད་ཆོག་པ་རེད།