2014ལོའི་ཞོ་སྟོན་དུས་ཆེན་ཟླ8པའི་ཚེས25ཉིན་སྤེལ་རྒྱུ་རེད།

    ཀྲུང་གོ་བོད་ཀྱི་དྲ་་བ།    2014-08-13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་དེ་སྤྱི་ཟླ8པའི་ཚེས25ཉིན་ནས་སྤྱི་ཟླ9བའི་ཚེས2ཉིན་གནས་མཆོག་ལྷ་ས་གྲོང་ཁྱེར་ནས་སྤེལ་རྒྱུ་ཡིན་པ་རེད།

ད་ལོར་ལྷ་སའི་ཞོ་སྟོན་དུས་ཆེན་ལས་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་རིག་གནས་རྒྱུད་འཛིན་ངོམ་སྟོན་བྱེད་པ་སྟེགས་བུ་རུ་བྱས་ཏེ། ཞོ་སྟོན་དུས་ཆེན་ཞེས་མི་རིགས་རིག་གནས་ཀྱི་མཚོན་རྟགས་འདི་བོད་ལྗོངས་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པར་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཝུ་ཡ་སུང་གིས་བཤད་རྒྱུར། ད་ལོའི་ཞོ་སྟོན་དུ་བསྡོམས་པས་རྣམ་གྲངས་ཆེན་མོ9དང་བྱེད་སྒོ13གྱིས་གྲུབ་ཡོད་ཅིང་། དེར་འགོ་ཚུགས་མཛད་སྒོ་དང་། གོས་སྐུ་བཤམས་པ། ལྷ་མོ་ཟློས་གར་འགྲན་བསྡུར་དང་འཁྲབ་སྟོན། ལྷ་མོའི་གཞས་གདངས་འགྲན་བསྡུར། ཐང་ག་བཤམས་སྟོན། ཇོ་མོ་གླང་མའི་པར་ལེན་འགྲེམ་སྟོན། བོད་ཟས་སམ་ཨ་མ་ལགས་ཀྱི་གསོལ་ཐབ་འགྲན་བསྡུར་སྐབས་གཉིས་པ། དག་ཞིང་གི་རྩྭ་ཐང་བུམ་པ་ཞེས་པའི་རྐང་འཁོར་འགྲན་བསྡུར། ལྷ་སའི་ས་ཚིགས་ཀྱི་མིག་མངས་དང་ཀེ་རེམ་འགྲན་བསྡུར། ཞོ་སྟོན་དུས་ཆེན་དཔལ་འབྱོར་ཉོ་ཚོང་ངོ་འཕྲལ་གྲོས་མོལ་ཚོགས་འདུ། ཁང་ཁོངས་འགྲེམ་ཚོང་ཚོགས་འདུ། ཞོ་སྟོན་མཇུག་སྒྲིལ་བའི་མཛད་སྒོ་གཤོག་འགྱུ་རྒོད་པོའི་གངས་ལྗོངས་ཞེས་པའི་མི་རིགས་རོལ་མོའི་སྤྲོ་ཚོགས་བཅས་འདུས།

ཟླ8པའི་ཚེས25ཉིན་གྱི་དགོང་མོའི་འགོ་ཚུགས་མཛད་སྒོའི་ཐོག དངོས་ལྗོངས་ཟློས་གར་ཆེན་མོ《རྒྱ་བཟའ་ཀོང་ཇོ》འཁྲབ་སྟོན་གནང་རྒྱུ་ཡིན་ལ། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་ཚོགས་གཙོའམ་ཞོ་སྟོན་དུས་ཆེན་འགོ་ཚུགས་མཛད་སྒོའི་སྤྱི་ཁྱབ་འཁྲབ་འཁྲིད་པ་ཝེ་ཏུང་གིས་ངོ་སྤྲོད་ལྟར་ན། ན་ནིང་གི་ཞོ་སྟོན་དང་མི་འདྲ་ས་ནི། སྔོན་ཆད་ཀྱི་ཆེད་སྒྲིག་མཚན་ཚོགས་ཀྱི་རྣམ་པ་བསྒྱུར་ནས་ད་ཡོད་ཀྱི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཁར། ཆུ་ཚོད་སྐར་མ20ལྷག་གི་ནང་དུ་ཞོ་སྟོན་གྱི་བྱུང་འཕེལ་དང་། རྒྱུད་འཛིན། དར་སྤེལ་གཞིར་བཟུང་ནས་དོན་འདུས་ཤིང་གནད་ལ་འཁེལ་བའི་ལམ་ནས་མཚོན་རྒྱུ་ཡིན་ལ།《རྒྱ་བཟའ་ཀོང་ཇོ》དངོས་ལྗོངས་ཟློས་གར་ཆེན་པོ་གཙོ་བྱས་ནས་གཟིགས་མོ་བའི་མིག་གི་དགའ་སྟོན་དུ་སྤེལ་རྒྱུ་ཡིན་ཟེར།

ད་ལོའི་ཞོ་སྟོན་དུས་ཆེན་བསྲི་ཚགས་གྲོན་ཆུང་ངང་སྤེལ་རྒྱུ་ཡིན་པའི་སྤྱིའི་བླང་བྱ་ལྟར། སྔོན་ཆད་ཀྱི་བྱེད་སྒོ་སྟེ་གླེང་སྟེགས་དཔྱད་གླེང་རིགས་དང་། གླུ་གཞས་འགྲན་བསྡུར། རྐང་ཐང་དུ་བསྐྱོད་པ་ལ་སོགས་པའི་བྱེད་སྒོ་དག་དོར་ཞིང་གཞི་ཁྱོན་ཆུང་དུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་དགའ་བའི་སྲོལ་རྒྱུན་རྩེད་མོ་སྟེ་ཀེ་རེམ་འགྲན་བསྡུར་དང་། ཉོ་ཚོང་ངོ་འཕྲལ་གྲོས་མོལ། ཁང་ཁོངས་འགྲེམ་ཚོང་བཅས་གསར་དུ་བསྣན་ནས་མང་ཚོགས་རྣམས་ནང་དུ་ཞུགས་པ་དང་ཞོ་སྟོན་གྱི་ཚོང་དོན་རང་བཞིན་ཇེ་མཐོར་བཏང་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཞིང་ཆེན18ཀྱི་ཏང་ཨུ་སྲིད་གཞུང་གིས་ཡུན་ནན་ལ་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.43བཏང་ནས་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།