ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས།(3)

        2016-11-02


ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལྟ་སྐུལ་ནི་དབང་ཆ་ཡང་དག་སྤྱོད་པའི་གཞི་རྩའི་འགན་ལེན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བཟོ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱ་རྒྱུར་ངེས་པར་དུ་ཤུགས་སྣོན་བརྒྱབ་ནས་ཏང་ནང་ཁུལ་དུ་ཚོད་འཛིན་མི་ཕོག་པའི་དབང་ཆ་ཡོད་མི་ཆོག་ལ་ལྟ་སྐུལ་དང་ལེན་མི་བྱེད་པའི་དམིགས་བསལ་ཏང་ཡོན་ཡང་ཡོད་མི་ཆོག དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་ཡོད་ཚེ་ངེས་པར་དུ་འགན་འཁྲི་ཡོད་པ་དང་། དབང་ཆ་ཡོད་ཚེ་ངེས་པར་དུ་འགན་འཁྲི་ཁུར་དགོས་པ། དབང་ཆ་གང་བྱུང་དུ་སྤྱོད་ཚེ་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་ལམ་ལུགས་ཆགས་པ་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་ལས་གཏམ་གྱིས་ཁྲིམས་ཚབ་བྱེད་པ་དང་། དབང་གིས་ཁྲིམས་གནོན་བྱེད་པ། ཉེ་སྐྱོར་ཁྲིམས་འགལ་བྱེད་པ་བཅས་གཏན་ནས་བྱེད་མི་རུང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་འབྲེལ་བ་ཡོད་ཚེ་ཐེར་འདོན་གོང་ཞུ་བྱེད་པ་དང་། ཏང་ཡོན་གྱིས་བཏོན་པའི་གནད་དོན་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་སུ་འདྲ་ཞིག་གིས་ཀྱང་སྦ་གསང་གིས་གོང་ཞུ་མི་བྱེད་པ་དང་ནར་འགྱངས་ཀྱིས་མི་སྒྲུབ་པ་བྱེད་མི་རུང་། བཏོན་པའི་གནད་དོན་དང་འབྲེལ་བ་ཡོད་པའི་འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ཀྱིས་བརྟག་དཔྱད་བྱ་རྒྱུར་ཐེ་གཏོགས་བྱེད་མི་རུང་།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱོད་གཙང་ཆབ་སྲིད་འཛུགས་སྐྱོང་བྱས་ནས་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོ་བའི་ལས་འགན་གལ་ཆེན་ཞིག་རེད། ངེས་པར་དུ་རུལ་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་དང་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། བྱེད་མི་རུང་བ། བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་ཧུར་ཐག་འཛུགས་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་སྣེ་འཁྲིད་ཀྱིས་ལག་ལེན་བསྟར་ནས་བློ་སྦྱོང་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་སྣང་ཆེན། ཁ་དན་ཚིག་གནས་ལ་སྣང་ཆེན། ངོ་ཚ་ཁྲེལ་ཡོད་ལ་སྣང་ཆེན་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས་དམིགས་བསལ་གྱི་དབང་ཆ་སྤྱོད་དབང་མེད། སྤྱོད་གཙང་རང་གཅུན་གྱི་ཚད་གཞི་སྣེ་འཁྲིད་ཀྱིས་ལག་བསྟར་བྱས་ནས་རང་རྟོགས་ངང་དམིགས་བསལ་གྱི་དབང་ཆའི་བསམ་བློ་དང་དམིགས་བསལ་གྱི་དབང་ཆའི་རྣམ་པར་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱས་ནས་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་པར་སློབ་གསོ་དང་དོ་དམ་ཡག་པོ་བྱེད་དགོས། འགན་དབང་སྤྱོད་པའམ་ཤུགས་རྐྱེན་ལ་བརྟེན་ནས་ནང་མི་དང་དགའ་ཉེ་སྤུན་མཆེད་སོགས་ལ་དམིགས་བསལ་གྱི་ལྟ་རྟོག་ཐོབ་རེ་བྱེད་མི་རུང་བ་དང་། འགོ་ཁྲིད་ལས་བྱེད་པའི་ནང་མི་དང་དགའ་ཉེ་སྤུན་མཆེད་ཀྱིས་འགོ་ཁྲིད་ལས་བྱེད་པའི་འགན་དབང་ཁྱབ་ཁོངས་ནང་གི་ལས་དོན་ལ་ཐེ་ཇུས་དང་མི་དོན་བཀོད་སྒྲིག་ལ་ཐེ་ཇུས་བྱ་རྒྱུ་གཏན་འགོག་བྱེད་དགོས། རུལ་སུངས་ཡོད་ཚེ་ངེས་པར་དུ་ངོ་རྒོལ་བྱེད་པ་དང་ལྐོག་ཟ་ཡོད་ཚེ་ངེས་པར་དུ་ཆད་པ་ནན་པོ་བཅད་དེ་བཀག་འདོམས་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་བྱས་ཏེ་ཏང་ནང་ཁུལ་དུ་རུལ་སུངས་པ་གབ་ས་ཡིབ་ས་མེད་པ་མཐའ་གཅིག་ཏུ་བཟོ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་རིང་མར་ལེའི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། ཏང་གི་སྒྲིག་ཡིག་གོང་དུ་བཀུར་བ། གཏན་འབེབས་བཞིན་ཏང་སྐྱོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཡུན་རིང་སྲིད་སྐྱོང་གི་ཆ་རྐྱེན་འོག་རང་གིས་རང་གཙང་སེལ་བྱེད་པ་དང་། རང་གིས་རང་འཐུས་སྒོ་ཚང་དུ་གཏོང་བ། རང་གིས་རང་གསར་བཅོས་བྱེད་པ། རང་གིས་རང་མཐོར་གཏོང་བྱེད་པ་བཅས་ཀྱི་ཏང་གི་ནུས་པ་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པར་བཀག་སྡོམ་ཁུལ་མེད་ལ་དམིགས་བསལ་ཁུལ་ཡང་མེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཡིད་ཆེས་དང་ལྕག་སྐུལ་བྱ་རྒྱུ་དེ་ལྟ་སྐུལ་ནན་པོ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་འགོ་ཁྲིད་ལས་བྱེད་པར་དབང་ཆ་ཡོད་ན་འགན་འཁྲི་ངེས་པར་དུ་ཁུར་ཐུབ་པ་དང་། འགན་འཁྲི་ཡོད་ན་ཁུར་ཕོད་པ། དབང་ཆ་སྤྱོད་པར་ལྟ་སྐུལ་དང་ལེན་བྱེད་པ། འགན་འཛོལ་བྱུང་ན་ངེས་པར་དུ་བདའ་འདེད་གཏོང་ཐུབ་པ་བཅས་བྱེད་དགོས། ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་རིང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་བའི་ཁར། གཏན་འབེབས་དང་སྒྲིག་ཁྲིམས་གཞིར་བཟུང་གོང་ནས་འོག་ལ་རྩ་འཛུགས་ཀྱིས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འོག་ནས་གོང་ལ་དམངས་གཙོའི་ལྟ་སྐུལ་བྱེད་སྟངས་ལེགས་སུ་གཏོང་དགོས། རིམ་པ་གཅིག་མཚུངས་དབར་ཕན་ཚུན་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་རྒྱུའི་ལས་འགན་ནི་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཏང་ཡོངས་སུ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ནས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ཡིན་པ་སྟེ། ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་། ཏང་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་མི་འདང་བ། ཏང་གི་འདུ་ཤེས་ཆེན་པོ་མེད་པ། རྩ་འཛུགས་ཐར་ཐོར་དུ་སོང་བ། སྒྲིག་ཁྲིམས་ལྷུག་ཏུ་སོང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་སྟངས་ལྷུག་ལ་ནུས་མེད་ཟབ་ཟོབ་ཡིན་པ་བཅས་ཀྱི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ནས་ཏང་རྩ་འཛུགས་ཀྱིས་འགན་ནུས་ལེགས་པར་སྒྲུབ་པ་དང་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་ཐུབ་པའི་འགན་ལེན་བྱེད་པ་དང་། ཏང་ཡོན་ཡོངས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་ཐུབ་པའི་འགན་ལེན་བྱེད་པ། ཏང་གི་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་གི་སྒོ་ནས་འགན་འཁྲི་ཁུར་ཕོད་པའི་འགན་ལེན་བྱེད་པ་བཅས་རེད། ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་རྒྱུའི་ནང་དོན་གཙོ་བོ་ནི་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལས་འགན་དོན་འཁྱོལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ། ཏང་གི་ལས་བྱེད་པའི་ཚད་གཞི་དང་། སྤྱོད་གཙང་རང་གཅུན་བྱས་ནས་དབང་ཆ་དྲང་གཞག་སྤྱོད་པ་བཅས་མཐའ་འཁྱོངས། ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་གནང་བའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་སོགས་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་ཡུལ་གཙོ་བོ་ནི་ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དག་རེད། ཏང་ཀྲུང་དབྱང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཆེད་འགན་འཁུར་ནས་ལྟ་སྐུལ་བྱེད་པ། ཏང་གི་ལས་དོན་སྡེ་ཚན་གྱིས་འགན་ནུས་ལྟ་སྐུལ་བྱེད་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་རྒྱུན་གཏན་དུ་ལྟ་སྐུལ་བྱེད་པ། ཏང་ཡོན་གྱིས་དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ཀྱི་ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་ཅིག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་དགོས། ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་རིང་བྱེད་པོའི་འགན་འཁྲི་ཁུར་དགོས། ཧྲུའུ་ཅི་ནི་འགན་འཁྲི་བ་ཨང་དང་པོ་ཡིན། ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན(ཏང་ཙུའི་ཁོངས་མི)དང་ཏང་ཨུད་ཀྱི་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་ཁོངས་སུ་ལྟ་སྐུལ་གྱི་འགན་འཁྲི་ཁུར་དགོས། ཏང་གི་རིམ་ཁག་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་རྩད་གཅོད་བཅས་ཀྱི་འགན་ཁུར་དགོས། ཏང་གི་ལས་དོན་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་གྱི་འོས་འགན་སྒྲུབ་ཚུལ་ལ་ལྟ་སྐུལ་བྱས་ནས་ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱེད་དགོས། ཏང་ཡོན་གྱིས་ཏང་ཡོན་གྱི་དབང་ཆ་དགེ་མཚན་ལྡན་པའི་སྒོ་ནས་སྤྱད་དེ་ཏང་གི་འགོ་ཁྲིད་ལས་བྱེད་པར་དམངས་གཙོའི་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།      
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་ཀྱིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་སོགས་རྒྱལ་ཁབ་ལས་ཁུངས་དང་གཞུང་ལས་པས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་དམངས་གཙོའི་ལྟ་སྐུལ་བྱེད་པ། རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་བྱེད་པ་བཅས་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། དམངས་གཙོའི་ཏང་ཤོག་གིས་ལྟ་སྐུལ་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་དང་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣས་བཏོན་པའི་བསམ་འཆར་དང་། སྐྱོན་བརྗོད། གྲོས་འགོ་བཅས་ལ་མཐོང་ཆེན་བྱེད་དགོས། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ལྟ་སྟངས་ནན་པོ་འཛིན་དགོས་ལ་རང་འགུལ་ངང་དང་ལེན་ཡང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུ་དང་དེ་བཞིན་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་ལས་འགན་ཞིག་ཡིན་པས་ངེས་པར་དུ་ཏང་ཡོངས་ཀྱིས་མཉམ་དུ་ལག་པ་སྒུལ་ནས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ་དང་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཚད་ལྡན་དུ་གཏོང་རྒྱུ་དང་དེ་བཞིན་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ལོ་སྨད་དུ་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཐེངས་ལྔ་པ། ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་འབད་འབུངས་ཡར་བརྩོན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པ་དང་། ལྷག་པར་དུ་བསམ་བློ་རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག་ལས་དོན་དང་། རྩ་འཛུགས་ཀྱི་གྲ་སྒྲིག་ལས་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན། འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་བཅས་སྔར་བས་ཡག་པོ་སྒྲུབ་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཀྲའོ་ཤན་ཀེང་དང་ཤན་ཧུའེ་གཉིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་སྣོན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཝང་མིན་དང་ལུའེ་ཤིས་ཝུན་གྱིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་། ཧྥན་ཁྲང་སྨི་དང་ཉིའུ་ཀྲེ་ཀྲུང་གིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་གོང་ཝང་མིན་དང་། ལུའེ་ཤིས་ཝུན། ཧྥན་ཁྲང་སྨི། ཉིའུ་ཀྲེ་ཀྲུང་བཅས་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་ཁས་བླངས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱི་བློ་མཐུན་ལ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་འཛུགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མུ་མཐུད་སྐུལ་འདེད་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རྣམ་པ་ཐུན་མོང་ཐོག་གཏོད་པ་བཅས་བྱས་ཏེ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་འབོད་སྐུལ་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཨེ་ལོ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་ལས་གཉེར་ཚོགས་འདུ་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།