ཨུ་རུ་སི་ཡིས་ཨུ་རུ་སི་དང་འཇར་པན་གྱི་གླིང་ཚོམས་རྩོད་གླེང་གི་གྲོས་མོལ་ལ་བཟོད་བསྲན་བྱེད་དགོས་པའི་འབོད་སྐུལ་བཏང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-10-21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨུ་རུ་སི་དང་འཇར་པན་གྱིས་ལྷོའི་ཆན་ཏའོ་གླིང་ཚོམས་ཀྱི་བདག་དབང་སུ་ལ་ཡོད་པའི་གནད་དོན་གྱི་གྲོས་མོལ་ལ་བཟོད་བསྲན་ཆེན་པོ་བྱེད་དགོས་པ་དང་། སྐད་སྒྲ་གང་རུང་གི་བར་ཆད་ཐེབས་མི་རུང་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ལྷོའི་ཆན་ཏའོ་གླིང་ཚོམས་ཀྱི་གནད་དོན་དང་འབྲེལ་བའི་གྲོས་མོལ་སྤེལ་བཞིན་ཡོད་པ་དང་། བྱ་བ་དེ་རྙོག་འཛིང་ཆེ་བས་བཟོད་བསྲན་ཆེན་པོ་བྱེད་དགོས་ལ། སྐད་སྒྲ་གཞན་པའི་བར་ཆད་ཀྱང་ཐེབས་མི་རུང་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་འཇར་པན་གྱིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་རབ་དང་རིམ་པ་སྤེལ་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་འཇར་པན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་མཉམ་ལས་ཀྱི་གྲུབ་འབྲས་ཇེ་མཐོར་གཏོང་བར་བརྩོན་ལེན་བྱེད་རྩིས་ཡོད་ཟེར།

ཕུའུ་ཅིན་གྱིས་ཟླ་བཅུ་གཉིས་པར་འཇར་པན་དུ་འཚམས་འདྲི་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། འཇར་པན་ཕྱོགས་ཀྱིས་ཕུའུ་ཅིན་གྱི་ཐེངས་འདིའི་འཚམས་འདྲིར་རེ་བ་ཆེན་པོ་བཅངས་ཡོད་ལ། རྩོད་གཞིར་གྱུར་བའི་གླིང་ཚོམས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་རེ་ཡོད།

དུས་ཡུན་རིང་བོར། འཇར་པན་སྲིད་གཞུང་གིས་གླིང་ཕྲན་བཞི་བོ་རང་ལ་དབང་བར་བཤད་ཀྱང་། ཉེ་སྔོན་འཇར་པན་གསར་འགྱུར་ལས་རིགས་ཀྱིས་འཇར་པན་ཕྱོགས་ཀྱིས་ཅུང་ལྷོད་ཡངས་སུ་གཏོང་བཞིན་པའི་གནས་ཚུལ་སྒྲོག་བཞིན་ཡོད། འཇར་པན་གྱི་ཐུན་མོང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཨན་པའེ་སྲིད་གཞུང་གིས་གླིང་ཕྲན་བཞིའི་བདག་དབང་སུར་གཏོགས་གསལ་ཐག་མ་ཆོད་པའི་གནས་ཚུལ་འོག ཨུ་རུ་སིའི་བར་ཞི་བདེའི་ཆིངས་ཡིག་འགོད་པར་བསམ་བློ་གཏོང་བཞིན་ཡོད། སྐབས་ཐོག་དེར་ཨུ་རུ་སི་ཡིས་འཇར་པན་ལ་ཁྲི་ཝུའུ་དང་སི་ཏན་གླིང་ཕྲན་གཉིས་བརྒྱུད་སྤྲོད་བྱེད་པ་དང་། རྒྱ་ཁྱོན་ཅུང་ཆེ་བའི་གོ་ཧིག་དང་ཙེ་ཀྲུའུ་གླིང་ཕྲན་གཉིས་རྗེས་ནས་གྲོས་བསྡུར་བྱེད་རྒྱུ་རེད། དེ་ནི་འཇར་པན་གྱིས་ཨུ་རུ་སིའི་བར་གྱི་མངའ་ཁོངས་རྩོད་གླེང་ཐད་ནས་ཀུ་ཡངས་ཆེན་པོ་བཏང་བར་རློམ་བཞིན་ཡོད། འཇར་པན་སྲིད་གཞུང་གིས་དོན་དེར་ད་རུང་ལན་ཅི་ཡང་བྱིན་མེད།

ཆན་ཏའོ་གླིང་ཚོམས་དེ་ཨུ་རུ་སིའི་ཡོན་ཏུང་གི་ཁན་ཁྲ་ཅཱ་ཕྱེད་གླིང་དང་འཇར་པན་གྱི་པེ་ཧེ་ཏའོ་ཡི་བར་དུ་གནས་ཡོད་ཅིང་། ཨུ་རུ་སིའི་ཕྱོགས་ཀྱིས་ལྷོའི་ཆན་ཏའོ་གླིང་ཚོམས་ཞེས་སུ་འབོད་པ་དང་། འཇར་པན་གྱི་བྱང་གི་གླིང་ཕྲན་བཞི་རུ་འབོད་ཀྱིན་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་བའི་ཚུན་ལ། གླིང་ཚོམས་དེར་དོན་དངོས་སུ་ཨུ་རུ་སིས་བདག་བཟུང་བྱས་ཡོད། ཨུ་རུ་སི་ཡིས་བལྟས་ན་འཇར་པན་གྱིས་བྱང་གི་གླིང་ཕྲན་བཞི་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན་པ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཕམ་ཁའི་མཇུག་འབྲས་ལ་ཡང་བསྐྱར་དཔྱད་འཇོག་བྱེད་པ་ཡིན་པར་འདོད་ཡོད། རྩོད་གཞི་ཚབས་ཆེ་བའི་དབང་གིས་རྒྱལ་ཁབ་གཉིས་ཀྱིས་ད་ལྟའི་བར་ཞི་བདེའི་ཆིངས་ཡིག་འགོད་ཐུབ་མེད།   །

  • ལེ་ཚན་སྔོན་མ།:ཕུའུ་ཅིན་གྱིས་དབྱི་རག་སྲིད་གཞུང་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཚར་གཅོད་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
  • ལེ་ཚན་རྗེས་མ།:ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།