བོད་ལྗོངས་མངའ་རིས་ས་ཁུལ་གྱིས་སྔོ་ཚལ་ཚོང་ཁང་བཙུགས་ཏེ་སྔོ་ཚལ་དཀོན་པའི་དཀའ་ངལ་སེལ།
ཡེ་ཤེས་ཀྱིས་བསྒྱུར། 2016-09-21
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ9པའི་ཚེས7ཉིན་འབྱོར་བའི་གཏམ་གསར། བོད་ལྗོངས་མངའ་རིས་ས་ཁུལ་ཞིང་འབྲོག་ཅུས་ལས་ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་ཤ་ཚལ་སྒོང་གསུམ་འདོན་སྤྲོད་བྱེད་པའི་ལས་གཞིར་གཏོགས་པའི་དམངས་ཕན་སྔོ་ཚལ་ཚོང་ཁང་དེ་ཉེ་དུས་སེང་གེ་ཁ་འབབ་གྲོང་རྡལ་དུ་འདྲེན་གཉེར་བྱེད་འགོ་ཚུགས་པས། མངའ་རིས་ས་ཁུལ་གྱི་མང་ཚོགས་ཀྱིས་སྔོ་ཚལ་རག་དཀའ་བ་དང་རིན་གོང་མཐོ་བའི་གནད་དོན་ཆག་ཡང་དུ་བཏང་བ་རེད།
མངའ་རིས་ས་ཁུལ་མང་ཚོགས་ཀྱི་སྔོ་ཚལ་རག་དཀའ་བ་དང་རིན་གོང་མཐོ་བའི་དཀའ་ངལ་སེལ་ཆེད། 2015ལོར་མངའ་རིས་ས་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་གྱི་བྱེད་ཐབས་སྤྱད་དེ་སྒར་རྫོང་དུ་སྐྱེ་ཁམས་ཞིང་ལས་ཀྱི་ཐོན་ལས་འདུས་ཁུལ་ཞིག་བཙུགས་པ་རེད། འདུས་ཁུལ་དེ་ནི་ཕན་ནུས་མཐོན་པོའི་སྔོ་ཚལ་ཐོན་སྐྱེད་ཁུལ་དང་ཁྱད་ལྡན་གྱི་གསོ་སྤེལ་འདུས་ཁུལ། སྐྱེ་ཁམས་ལྟ་སྐོར་དང་སྤྲོ་གསེང་ཡུལ་སྐོར་འདུས་ཁུལ། དེང་རབས་ཀྱི་ཞིང་ལས་ལག་རྩལ་འགྲེམས་སྟོན་ཁུལ་བཅས་གཞི་གཅིག་ཏུ་འདུས་ཡོད་པ་ཞིག་ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར1.35གཏོང་འཇོག་བྱས་ཏེ་ཉི་འོད་ཀྱི་དྲོད་ཁང62བསྐྲུན་རྒྱུའི་འཆར་གཞི་བཞག་ཡོད། ཐེངས་འདིར་ཁག་དང་པོར་འདྲེན་གཉེར་བྱས་པའི་ཐད་ཚོང་ཁང་བཞིའི་ནང་སྔོ་ཚལ་དང་ནོར་ལུག་གི་ཤ་སོགས་ཐོན་རྫས་རིགས20ལྷག་འདོན་སྤྲོད་བྱས་ཏེ་ཡུལ་དེ་གའི་མང་ཚོགས་ལ་ཕན་ཐོགས་པ་རེད།
མིག་སྔར། སྐྱེ་ཁམས་ཞིང་ལས་ཀྱི་ཐོན་ལས་འདུས་ཁུལ་བསྐྲུན་པར་མ་དངུལ་སྒོ་ཁྲི7000གཏོང་འཇོག་བྱས་ཏེ་དྲོད་ཁང13འཛུགས་སྐྲུན་བྱས་ཡོད་ཅིང་། གཞི་རྩའི་ཐོག་སེང་གེ་ཁ་འབབ་གྲོང་རྡལ་ལ་སྔོ་ཚལ་དང་ཤ་རིགས་འདོན་སྤྲོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད་དོ།།