ཡུན་ནན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་འཆར་གཞི་ལག་ལེན་བསྟར་བ།
མི་དམངས་་ཉིན་རེའི་ཚགས་པར་ནས་དྲངས། 2016-09-19
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཉེ་ཆར་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་། ཡུན་ནན་ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་ཞིང་ལས་ཐིང་། ཞིང་ཆེན་ནགས་ལས་ཐིང་། ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་། ཡུན་ནན་ཞིང་ལས་སློབ་ཆེན། ལྷོ་ནུབ་ནགས་ལས་སློབ་ཆེན། ཞིང་ཆེན་ཞིང་ལས་ཚན་རིག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཆུ་བེད་ཐིང་སོགས་ཚན་པ15ཡིས་རྒྱབ་སྐྱོར་བྱས་པའི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཞེས་པའི་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་སྤེལ་འགོ་ཚུགས་ཤིང་། ཡུན་ནན་ཞིང་ཆེན་ཞིང་ལས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་དང་། གྲུབ་འབྲས། སྒྲིག་གཞི་བཅས་བདེ་ཆེན་བོད་རིགས་ས་ཁུལ་དུ་གཅིག་འདུས་བྱ་རྒྱུ་རེད།
བདེ་ཆེན་བོད་རིགས་ས་ཁུལ་འདི་ཉིད་གཙང་གསུམ་གཅིག་འདུས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དུ་ཆགས་པ་དང་། ཡུན་ནན་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་ཡིན་ལ་སྐྱེ་ཁམས་ཞིང་ལས་དང་། ཁྱད་ལྡན་ཞིང་ལས། དེང་རབས་ཞིང་ལས་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ས་ཁུལ་ཞིག་ཀྱང་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཡུན་ནན་ཞིང་ཆེན་གྱིས2016ལོ་ནས2018ལོའི་བར་གྱི《ཡུན་ནན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》བཏོན་ཡོད། འཆར་གཞི་དེས་བདེ་ཆེན་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ལས་དང་། ཞབས་ཞུ་རྣམ་པའི་ཞིང་ལས་ཚན་རྩལ། འཇོན་ཐང་ཅན་གསོ་སྐྱོང་། ཚན་རྩལ་རྣམ་པའི་ཁེ་ལས་གོས་སྐྱོང་དང་ས་ཁོངས་འཕེལ་རྒྱས་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་སོགས་ལ་གཙོ་གནད་ཐོག་དམིགས་ཏེ་ལེགས་ལྡན་ཞིང་ལས་ཐོན་ལས་གསོ་སྐྱོང་དང་། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས་བདེ་ཐང་ཐོན་ལས་གསར་གཏོད། དྲ་སྦྲེལ་ལག་རྩལ་དང་ས་མཐོའི་ཁྱད་ལྡན་ཟུང་འབྲེལ་བྱས་པའི་དེང་རབས་ཞིང་ལས། ཚན་རྩལ་ལ་བརྟེན་ནས་སྣོད་བཅུད་བཟང་བའི་བདེ་ཆེན་ཁུལ་སྐྲུན་རྒྱུར་འདེགས་སྐྱོར། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་བྱེད་པོ་སྐྱེད་སྲིང་། གསར་གཏོད་ལས་གཏོད་ཀྱི་གཞི་རྟེན་དང་རྟེན་གཞི་འཛུགས་སྐྲུན། ཚན་རྩལ་རྣམ་པའི་འཇོན་ཐང་ཅན་གསོ་སྐྱོང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱ་སྤྱོད། ཞིང་འབྲོག་པའི་ཚན་རིག་བྱང་ཚད་མཐོར་འདེགས་སོགས་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཆེ་ཁག་བཅུ་ཁྱབ་གདལ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་རྒྱུ་དང་། ཁེ་ལས་དང་། ས་ཞིང། སློབ་གྲྭ དགོན་སྡེ། བོད་རིགས་དུད་ཚང་བཅས་སུ་ཚན་རྩལ་ཁྱབ་གདལ་གཏོང་བའི་ཁྱབ་གདལ་ལྔ་ཞེས་པ་དང་ཚན་རྩལ་རྣམ་པའི་ཁེ་ལས་དང་། ཚན་རིག་ཞིབ་འཇུག་ལས་སྟེགས། ཚན་རྩལ་གྲུབ་འབྲས། ཚན་རྩལ་འཇོན་ཐང་ཅན་དང་ཚོགས་པ། ཚན་རྩལ་རྣམ་གྲངས་སོགས་དོན་འཁྱོལ་ལྔ་ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད་ཡུན་ནན་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་རང་བརྟེན་གསར་བསྐྲུན་གྱི་ནུས་པ་དང་ས་ཁོངས་རྒྱུན་མཐུན་ངང་འཕེལ་རྒྱས་གཏོང་བའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་རྒྱུ་དང་། བདེ་ཆེན་ཁུལ་དེ་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་མཐུན་སྒྲིལ་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་མཁན་གྱི་གདོང་ལེན་པ། ཤར་རྒྱུད་བོད་རིགས་ས་ཁུལ་གཙོ་བོར་འགྱུར་པར་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་གང་ཐུབ་བྱ་རྒྱུ་རེད།
སླད་ཕྱིན་ལོ3ནང་ཡུན་ནན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་བདེ་ཆེན་ཁུལ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། བདེ་ཆེན་ཁུལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ཏེ་འདེབས་འཛུགས་དང་། འབྲོག་ལས། ནགས་ལས་བཅས་ཀྱི་ཚན་རྩལ་རིགས་གཅིག་མཁས་པའི་ཞབས་ཞུའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་ཤང་དུ་བསྐྱོད་དེ་བདེ་ཆེན་དུ་ཚན་རྩལ་གྱི་གྲུབ་འབྲས་ཁག་གཅིག་གཞན་སྒྱུར་དང་། ལས་སྟེགས་ཁག་གཅིག་འཛུགས་པ། གྲོང་གསེབ་ཀྱི་འཇོན་ཐང་ཅན་ཁག་གཅིག་གསོ་སྦྱོང་བཅས་བྱ་རྒྱུ་དང་ཆབས་ཅིག བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་དེང་རབས་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་གཞི་ལག་ལེན་བསྟར་བར་བརྒྱུད་ཚན་རྩལ་གྱི་གྲུབ་འབྲས་དེ་བོད་རིགས་ས་ཁུལ་གྱི་ཞིང་ཁར་དང་མུ་ཁར་དུ་འབྲས་བུ་སྨིན་པ་བྱ་རྒྱུ་རེད།