ལོ་རྒྱུས་ཟློས་གར་ཆེན་མོ«སྲོང་བཙན་སྒམ་པོ»འཁྲབ་སྟོན་བྱེད་བཞིན་པ།
རྨ་ལྷོའི་ཟློས་གར་དཔྱད་གླེང་ཚོགས་འདུར་ཕེབས་པའི་ཆེད་མཁས་པ་ལྷན་རྒྱས།
དཔྱད་གླེང་ཚོགས་འདུར་ཞུགས་པའི་ཆེད་མཁས་པ་དང་རྨ་ལྷོ་ཟློས་གར་ཚོགས་པའི་ཚོགས་མིའི་མཉམ་པར།
སྤྱི་ཟླ7པའི་ཚེས23ཉིན། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་གཉིས་ཀྱིས་འགན་སྒྲུབ་བྱས་པའི2016ལོའི་རྨ་ལྷོ་ཁུལ་གྱི་སྐབས་དང་པོའི“དབྱར་སྟོན”ཟློས་གར་སྒྱུ་རྩལ་དུས་ཆེན་དེ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་གི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།
དུས་ཆེན་འདི་ལ«སྤྲོ་སྐྱིད་ལྡན་པའི་དབྱར་སྟོན»དང་བོད་ཀྱི་དམངས་ཁྲོད་ཟློས་གར་འཁྲབ་སྟོན། རྨ་ལྷོ་བོད་ཀྱི་ཟློས་གར་དཔྱད་གླེང་ཚོགས་འདུ། ལོ་རྒྱུས་ཟློས་གར་ཆེན་མོ«སྲོང་བཙན་སྒམ་པོ»འཁྲབ་སྟོན་བཅས་རིམ་པ་བཞི་ཡོད་དེ། བྱ་འགུལ་གྱི་རིམ་པ་དང་པོ་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་འཆར་འགོད་བྱས་ཤིང་བོད་ལྗོངས་དང་ཀན་ལྷོ་སོགས་ནས་ཕེབས་པའི་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་དག་དང་མཉམ་གཅིག་ཏུ་ནང་དོན་ཕུན་སུམ་ཚོགས་ཤིང་ངོ་མཚར་རྨད་དུ་བྱུང་བའི«སྤྲོ་སྐྱིད་ལྡན་པའི་དབྱར་སྟོན»ཞེས་པ་འཁྲབ་སྟོན་བྱས་ནས་མཛད་སྒོའི་མགོ་བརྩམས་པ་དང་། རིམ་པ་གཉིས་པ་ཆེད་མཁས་པ་དང་འབྲེལ་ཡོད་མི་སྣ་རྣམས་རྨ་ལྷོ་ཁུལ་གྱི་དམངས་ཁྲོད་རྣམ་ཐར་ཟློས་གར་དག་ལ་གཟིགས་ཞིབ་ཏུ་ཕྱིན་པའི་རིམ་པ་ཡིན་ཏེ། སོ་སོར་ཞོ་འོང་གཉན་རྒྱ་ནས་འཁྲབ་སྟོན་བྱས་པའི«དྲི་མེད་ཀུན་ལྡན»གྱི་རྣམ་ཐར་དང་། རྩེ་ཁོག་ནས་འཁྲབ་སྟོན་བྱས་པའི«གཟུགས་ཀྱི་ཉི་མའི»རྣམ་ཐར། གླིང་རྒྱ་སྡེ་བ་ནས་འཁྲབ་སྟོན་བྱས་པའི«སྣང་ས་འོད་འབུམ»གྱི་རྣམ་ཐར། བཙན་མོ་ནས་འཁྲབ་སྟོན་བྱས་པའི«པདྨ་འོད་འབར»གྱི་རྣམ་ཐར། ལྕང་སྐྱ་ནས་འཁྲབ་སྟོན་བྱས་པའི«ཡིད་འཕྲོག་ལྷ་མོའི»རྣམ་ཐར་སོགས་ཡོད། རིམ་པ་གསུམ་པ་ནི་ལྗོངས་ཞིང་ལྔའི་བོད་ཀྱི་ཟློས་གར་ཞིབ་འཇུག་པ་དང་བོད་རིག་པའི་ཆེད་མཁས་པ་བཅུ་ལྷག་གདན་ཞུ་བྱས་ཏེ་རྨ་ལྷོའི་ཟློས་གར་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སོགས་ཕྱོགས་མང་པོ་ཞིག་ནས་ཞིབ་འཇུག་དང་བགྲོ་གླེང་བྱས། རིམ་པ་བཞི་བ་ནི་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས2015ལོར་རྒྱལ་ཁབ་སྒྱུ་རྩལ་མ་དངུལ་རོགས་སྐྱོར་གྱི་རྣམ་གྲངས་སུ་ཚུད་ཅིང་། མི་འགྱངས་པརར་རྒྱལ་ས་པེ་ཅིང་དུ་སོང་ནས་སྐབས་ལྔ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ཚོགས་ཆེན་གྱི་སྟེང་ནས་འཁྲབ་སྟོན་བྱ་གྲབས་ཡོད་པའི་ལོ་རྒྱུས་ཟློས་གར་ཆེན་མོ«སྲོང་བཙན་སྒམ་པོ»འཁྲབ་སྟོན་བྱས་པ་དེ་རེད།
དུས་ཆེན་འདིས་རྨ་ལྷོའི་ཟློས་གར་དྲིལ་བསྒྲགས་རྒྱ་ཆེན་བྱས་པ་དང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་རྨ་ལྷོའི་ཟློས་གར་དེ་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་མ་ཟད། རྨ་ལྷོའི་དམངས་ཁྲོད་དུ་འཁྲབ་སྟོན་བྱེད་བཞིན་ཡོད་པའི་ཟློས་གར་དག་མི་མང་པོ་ཞིག་ལ་ཤེས་རྟོགས་བྱེད་དུ་བཅུག་ནས། བོད་ཀྱི་ཟློས་གར་འཕེལ་རྒྱས་ཀྱི་ཐད་ལ་བྱས་རྗེས་དང་ཤུགས་རྐྱེན་མི་དམན་བཞག་པ་དང་།ད་དུང་དམངས་ཁྲོད་དུ་ཡོད་པའི་ཟློས་གར་དང་དེ་འབྲེལ་གྱི་རིག་གནས་སྒྱུ་རྩལ་མང་པོ་ཞིག་སྔོག་འདོན་བྱ་རྒྱུའི་ཐད་ལ་ཕན་ནུས་ཆེན་པོ་ཐོན་རྒྱུ་རེད།