ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཉེ་ཆར་འབྱོར་བའི་གཏམ་གསར། སི་ཁྲོན་མི་དམངས་སྲིད་གཞུང་གིས་ཉེ་ཆར《ལྕགས་ལམ་བསྐྲུན་པར་མ་དངུལ་གཏོང་འཇོག་དང་བསྡུ་རུབ་བྱ་རྒྱུའི་སྒྲིག་ལམ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་ཁྲིད་སྟོན་བསམ་འཆར》བཏོན་པ་རེད། སི་ཁྲོན་གྱིས་ཁྱོན་ཡོངས་ནས་ལྕགས་ལམ་འཛུགས་སྐྲུན་ཁྲོམ་ར་རྒྱ་སྐྱེད་གཏོང་བ་དང་། ལྕགས་ལམ་བསྐྲུན་རིམ་གྱི་ས་ཞིང་ཐོན་ཁུངས་ཕྱོགས་བསྡུས་གསར་སྦོལ་བྱ་རྒྱུ་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་མ་རྩ་དེ་ལྕགས་ལམ་བསྐྲུན་པར་མ་དངུལ་གཏོང་འཇོག་དང་། འཛུགས་སྐྲུན། བདག་གཉེར་སོགས་ཀྱི་ཁྱབ་ཁོངས་སུ་ཞུགས་པར་སྐུལ་མ་གཏང་རྒྱུ། དེར་བརྟེན། སི་ཁྲོན་གྱིས་ལྕགས་ལམ་འཛུགས་སྐྲུན་ལ་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཞིང་ཆེན་སྲིད་གཞུང་གིས་ལོ་རེར་མ་དངུལ་སྒོར་དུང་ཕྱུར10ལྕགས་ལམ་བསྐྲུན་པའི་ཆེད་སྤྱོད་མ་དངུལ་བྱས་ཏེ་ཞིང་ཆེན་གྱི་ལྕགས་ལམ་མ་དངུལ་གཏོང་འཇོག་ཚོགས་པའི་མ་དངུལ་བསྡུ་རུབ་བྱེད་ནུས་ཆེ་རུ་གཏང་རྒྱུ་ཡིན་པར་མ་ཟད། ད་དུང་རྒྱལ་དབང་ཁེ་ལས་དང་ཉེན་འགོག དངུལ་ཁང་། སྤྱི་ཚོགས་འགན་སྲུང་ལས་ཁུངས། དམངས་ཁྲོད་ཀྱི་མ་རྩ་བཅས་འགུགས་ཏེ་འཕེལ་རྒྱས་གཏོང་བའི་དངུལ་རྩ་འཛུགས་རྒྱུ། དུས་མཚུངས་སུ། སི་ཁྲོན་གྱིས་ད་རུང་དངུལ་རྩ་ལས་ཁུངས་ཀྱིས་ལྕགས་ལམ་འཛུགས་སྐྲུན་ལ་དུས་ཡུན་རིང་བ་དང་འབྲིང་བའི་གཟིགས་སྐྱོང་གི་ཡིད་རྟོན་དངུལ་བུན་འདོན་སྤྲོད་བྱེད་པར་སྐུལ་མ་བཏང་སྟེ། ལྕགས་ལམ་བསྐྲུན་པར་མ་དངུལ་གཏོང་འཇོག་བྱེད་མཁན་གཙོ་བོས་མ་དངུལ་བསྡུ་རུབ་བྱེད་ཁྱོན་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་སྲིད་གཞུང་དང་རྒྱལ་སྤྱིའི་དངུལ་རྩ་རྩ་འཛུགས་ཀྱིས་གཟིགས་སྐྱོང་དངུལ་བུན་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།