2020ལོར་རང་རྒྱལ་གྱི་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་བརྒྱ་ཆ95ཡི་རྫོང་དུ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་ཐུབ་པར་བྱ་རྒྱུ།
གངས་སྐྱིད་ཀྱིས་བསྒྱུར། 2016-07-06
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས15ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས14ཉིན《དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་མགྱོགས་པོར་གཏང་རྒྱུའི་སྐོར་གྱི་ཁྲིད་སྟོན་བསམ་འཆར》འགྲེམས་སྤེལ་བྱས་པ་རེད། དེའི་ནང་དུ2018ལོར་སླེབས་དུས། རང་རྒྱལ་གྱི་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་བརྒྱ་ཆ75ཡི་རྫོང་དུ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱ་རྒྱུ་དང་། 2020ལོར་སླེབས་དུས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་བརྒྱ་ཆ95ཡི་རྫོང་དུ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱ་རྒྱུ་བཏོན་ཡོད་པ་རེད།རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་བའི་གཙོ་གནད་ཀྱི་ལས་འགན་ལ་དམིགས་ཏེ། ཡིག་ཆའི་ནང་འོས་འགན་སློབ་གསོའི་སློབ་གྲྭ་འགྱུར་ཚུལ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱེད་པའི་ནང་རྐྱེན་འཛུགས་པ་དང་། སློབ་གྲྭའི་ཆགས་ཚུལ་ལེགས་བཀོད། སློབ་གྲྭ་ཚད་གཞི་ཅན་དུ་བསྐྲུན་པར་སྐུལ་འདེད་གཏོང་བ། ཞིང་སྡེའི་དགེ་རྒན་དཔུང་སྡེའི་སྤྱི་ཁོག་གི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་དག་གི་སློབ་གསོ་ཐོན་ཁུངས་ཀྱི་ཁྱབ་ཁྱོན་རྒྱ་སྐྱེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་དང་སློབ་གྲྭ་བར་གྱི་ཧེ་བག་ཆུང་དུ་གཏང་དགོས་ཞེས་གསལ་པོར་བསྟན་པ་རེད། རྒྱལ་ཁབ་ཀྱིས་རྒྱུན་ཆད་མེད་པར་ཁྱོན་ཡོངས་ནས་དབུལ་ཕོངས་ས་ཁུལ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཞན་པ་ལེགས་བཅོས་དང་། ཞིང་སྡེའི་དགེ་རྒན་གྱི་དམིགས་བསལ་ལས་རྐང་འཛུགས་རྒྱུ། འཚོ་བཅུད་ལེགས་བཅོས་བྱ་རྒྱུའི་འཆར་གཞི་སོགས་གལ་ཆེ་བའི་ལས་གྲྭ་དང་ལས་གཞི་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་བྱ་རྒྱུའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་སློབ་གསོ་ཞབས་འདེགས་འདྲ་སྙོམས་བྱེད་ཐུབ་པར་སྐུལ་འདེད་གཏང་རྒྱུ་རེད།དེ་མིན། ཡིག་ཆའི་ནང་ད་རུང་ཤུགས་ཆེན་པོས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། མཐོ་རིམ་སློབ་གསོ་ཁྱབ་གདལ་མགྱོགས་པོར་གཏོང་བ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ། ཧུར་ཐག་གིས་ཞིང་སྡེའི་སློབ་སྔོན་སློབ་གསོ་འཕེལ་རྒྱས་གཏོང་བ། མི་རིགས་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་ཡོང་བར་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་གྱིས་སློབ་གསོ་དང་ལེན་ཞུ་བའི་དབང་ཆར་འགན་སྲུང་བྱེད་པ་སོགས་ཀྱི་ལས་འགན་གཙོ་བོ་གསལ་པོ་བཏོན་ཡོད།།