བསེ་ཆང་སངས་རྒྱས་དོན་གྲུབ་ཀྱི«བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»པར་དུ་སྐྲུན།

        2016-05-18

བསེ་ཆང་སངས་རྒྱས་དོན་གྲུབ་ཀྱི«བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»པར་དུ་སྐྲུན།
བསེ་ཆང་སངས་རྒྱས་དོན་གྲུབ་ཀྱི«བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»པར་དུ་སྐྲུན།

      ཉེ་ཆར། བསེ་ཆང་སངས་རྒྱས་དོན་གྲུབ་ཀྱིས་བརྩམས་པའི«བོད་ཀྱི་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པའི་བོད་ཀྱི་རྩོམ་རིག་ལས་རབ་རྟོག་བརྩམས་སྒྲུང་སྐོར་གྱི་ཞིབ་འཇུག་ཆེད་དེབ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས། རྩོམ་པ་པོས་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རབ་རྟོག་བརྩམས་སྒྲུང་ཞིབ་འཇུག་གི་དཔྱད་འབྲས་རྨང་གཞིའི་སྟེང་། རབ་རྟོག་བརྩམས་སྒྲུང་ལ་ངོས་འཛིན་གསར་དུ་བྱས་ཤིང་། རབ་རྟོག་བརྩམས་སྒྲུང་གི་བྱུང་འཕེལ་གྱི་ལོ་རྒྱུས་རྣམ་པར་ཐོག་མའི་རྣམ་པ་དང་། བར་བརྒལ་གྱི་རྣམ་པ། ད་ལྟའི་རྣམ་པ་བཅས་རིགས་གསུམ་དུ་བགར་ཡོད། རྣམ་པ་དེ་གསུམ་གྱི་སོ་སོའི་བྱུང་བའི་ཚུལ་དང་། བརྗོད་བྱའི་གནས་སྟངས། སྒྱུ་རྩལ་གྱི་གྲུབ་ལུགས་ལ་དཔྱད་པ་ཞིབ་ཏུ་བཏང་ཡོད་པ་མ་ཟད། འཛམ་གླིང་རྩོམ་རིག་གི་མཐོང་ལམ་ནས་རབ་རྟོག་བརྩམས་སྒྲུང་གི་མི་རིགས་རང་བཞིན་གང་ལ་འཇོག་དགོས་པ་དང་ད་ལྟའི་དུས་རབས་དང་བསྟུན་ནས་འཕེལ་ལམ་གང་དུ་ཕྱོགས་འོས་པའི་དུས་རབས་རང་བཞིན་གི་ཆ་ལའང་རིགས་ལམ་དཔྱད་བརྗོད་ཀྱི་ལམ་བུ་འཁྱེར་ནས་དཔྱད་གཏམ་གང་འཚམས་སྤེལ་ཡོད།
                                                        རྩོམ་པ་པོ་ངོ་སྤྲོད།

     བསེ་ཆང་སངས་རྒྱས་དོན་གྲུབ་ནི་སྤྱི་ལོ1989ལོར་མདོ་སྨད་ཡ་རྫིའམ་ཞུན་ཧྭ་ས་ཆར་སྐྱེས། 201lལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞིའི་བསླབ་གནས་བླངས།2014ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཤེས་རམས་པའི་བསླབ་གནས་བླངས། 2014ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པར་རྒྱུགས་འཕྲོད། ད་ལྟ་སློབ་གྲྭ་དེ་གའི་ལོ་རྒྱུས་རིག་གནས་སློབ་གླིང་དུ་འབུམ་རམས་པའི་བསླབ་གནས་གཉེར་བཞིན་ཡོད། སློབ་གཉེར་གྱི་གོ་རིམ་ཁྲོད«བོད་ལྗོངས་ཞིབ་འཇུག»དང་། «མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ» «སི་ཁྲོན་མི་རིགས་སློབ་གླིང་རིག་དེབ»«མང་ཚོགས་སྒྱུ་རྩལ»«མི་རིགས»«སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ»«རང་གྲོལ་ཞིབ་འཇུག»སོགས་སུ་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་དང་། «སྦྲང་ཆར»དང་། «གངས་རྒྱན་མེ་ཏོག»«ཟླ་ཟེར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སོགས་སུ་རྩོམ་རིག་དཔྱད་བརྗོད་དང་བརྩམས་སྒྲུང་། སྙན་ངག ལྷུག་རྩོམ། བསྒྱུར་རྩོམ་སོགས་སུམ་བཅུ་ལྷག་བཀོད་ཡོད།

  • ལེ་ཚན་སྔོན་མ།:ཞི་བདེ་ཉི་མའི་གློག་བརྙན《ཚེ་གཟུངས་ལྷ་མོ》ཀྲུང་དབྱང་མི་རིགས་སློབ་གྲྭར་གཟིགས་འབུལ་བྱས།
  • ལེ་ཚན་རྗེས་མ།:ཕན་ཅེ་ཝུན་གྱིས་འཛམ་གླིང་འདི་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་དུ་གྲུབ་ཡོད་པར་ཤེས་རྒྱུ་ནི་རང་གཞན་འཕེལ་རྒྱས་གཏོང་ཐབས་ཡག་ཤོས་དེ་ཡིན་ཞེས་གསུངས།
  • དོ་སྣང་ཆེ་བའི་རྩོམ།