བོད་ལྗོངས་ཀྱིས་དགུང་ལོ་མཐོ་བའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་མི་སྣ་འཕྲལ་སྐྱོབ་ཐོ་འགོད་བྱེད་པའི་བྱ་གཞག་སྤེལ།
དངོས་སྦྱོང་སློབ་མ་བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར། 2016-04-18
བོད་རང་སྐྱོང་ལྗོངས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་དོན། མིག་སྔར་བོད་ལྗོངས་ཀྱིས་དགུང་ལོ་མཐོ་བའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་མི་སྣ་འཕྲལ་སྐྱོབ་ཐོ་འགོད་བྱེད་པའི་ལས་དོན་སྒྲུབ་བཞིན་ཡོད། འཕྲིན་སྦྱོར་ཀུན་འདུས་ཀྱི་རྣམ་པ་ལ་བརྟེན་ནས་བརྒྱུད་འཛིན་མི་སྣའི་གཞི་རྩའི་ཆ་འཕྲིན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཟིན་ཐོར་འགོད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་ལོ་རྒྱུས་ཀྱི་ཡིག་རིས་རྒྱུན་མཐུད་བྱ་རྒྱུར་འབད་བརྩོན་བྱེད་གང་ཐུབ་བྱས་ནས། ཕུལ་བྱུང་གི་བོད་ཀྱི་རིག་གནས་ཇི་སྲིད་བར་དུ་གནས་པར་ཁག་ཐེག་བྱས་པ་རེད།
བོད་རང་སྐྱོང་ལྗོངས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་འགན་ཁུར་པ་ཨ་དབང་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ནང་དོན་ཞིབ་ཆ་ཆེ་ཞིང་གཏིང་ཟབ་པ། གཟུགས་མེད་རིག་གནས་ཤུལ་བཞག་རིགས་མང་པོ་རྣམས་ནི་བོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན། མིག་སྔར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་བརྒྱུད་འཛིན་མི་སྣ65ནང་མི13སྔ་ཕྱིར་འདས་སོང་བས་རྩ་ཆེན་གྱི་གཟུགས་མེད་རིག་གནས་ཁ་ཤས་ཀྱང་རྒྱུད་པ་ཆད་ལ་ཉེ་བ་རེད། དཀའ་གནས་འདི་ལས་བརྒལ་ཐུབ་པའི་ཆེད་དུ་གཟུགས་མེད་རིག་གནས་ཤུལ་བཞག་སྡེ་ཁག་གིས་ཡི་གེ་དང་པར་རིས། བརྙན་འཕྲིན་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བརྒྱུད་འཛིན་མི་སྣའི་ལག་རྩལ་རྩེ་གྲ་རྣམས་ཕྱོགས་ཀུན་ནས་ཟིན་ཐོར་བཀོད་པ་དང་ཆབས་ཅིག་ཏུ་གཟུགས་མེད་རིག་གནས་མངའ་ཁོངས་ཀྱི་ཆེད་རམས་པ་རྣམས་བཅར་འདྲི་བྱ་ཡུལ་དུ་བྱས་ནས་བརྒྱུད་འཛིན་མི་སྣའི་ལས་དོན་འཚོ་བར་ཕྱིན་ནས་གཟུགས་མེད་རིག་གནས་ཀྱི་འབྱུང་ཁུངས་སྔོག་འདོན་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འཕྲལ་སྐྱོབ་ཐོ་འགོད་བྱེད་པའི་ལས་དོན་འདི་གཙོ་བོ་ལྷ་སའི་ཇོ་མོ་ལུང་གི་བོད་ཀྱི་ཟློས་གར་གྱི་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་ཚེ་བརྟན་རྡོ་རྗེ་དང་། ལྷ་སའི་རིན་སྤུངས་རྒྱང་གར་བོད་ཀྱི་ཟློས་གར་གྱི་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་ཚེ་རིང་དང་། བོད་ཀྱི་ཐང་ག་སྨན་ཐང་ལུགས་ཀྱི་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་བསྟན་པ་རབ་བརྟན་དང་། བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ་ཀུན་དགའ་རིག་འཛིན་སོགས་དགུང་ལོ་མཐོ་བའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་མི་སྣ10ལ་དམིགས་པ་ཡིན་ཞིང་། ལས་དོན་འདི་སྔོན་རྩིས་བྱས་ན་ལོ་འདིའི་ནང་ཚང་མ་བསྒྲུབ་ཚར་རྒྱུ་རེད།