མི་དམངས་དངུལ་ཁང་སོགས་སྡེ་ཚན་བདུན་གྱིས་མཉམ་དུ་དངུལ་རྩའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་ཡིག་ཆ་བཏང་།
གངས་སྐྱིད་ཀྱིས་བསྒྱུར། 2016-04-13
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས23ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས22ཉིན་མི་དམངས་དངུལ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། ནོར་སྲིད་པུའུ། དངུལ་ཁང་ལྟ་ཞིབ་ལྷན་ཚོགས། དངུལ་འཛིན་ལྟ་ཞིབ་ལྷན་ཚོགས། དབུལ་སྐྱོར་གཞུང་ལས་ཁང་བཅས་སྡེ་ཚན་གྱིས་མཉམ་དུ《དངུལ་རྩས་དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ལག་ལེན་བསམ་འཆར》པར་དུ་བསྐྲུན་ནས་དངུལ་རྩས་དབུལ་སྐྱོར་ལས་ཀར་སྐུལ་འདེད་གཏིང་ཟབ་མོ་གཏོང་བར་འཆར་འགོད་ཞིབ་ཕྲ་བྱས་ཡོད། དེའི་ནང་དབུལ་སྐྱོར་བྱེད་པར་ཡང་བསྐྱར་དངུལ་བུན་གཏོང་བའི་ལམ་ལུགས་འཛུགས་རྒྱུ་དང་།
དབུལ་ཕོངས་ས་ཁུལ་གྱི་ཚུལ་དང་མི་མཐུན་པའི་དངུལ་བུན་གཏོང་བའི་གཤོང་ཚད་མཐོ་རུ་འོས་ཙམ་གཏང་རྒྱུ་འདུས་ཡོད།བསམ་འཆར་ནང་ནན་པོར་བསྟན་དོན། རིགས་སོ་སོའི་དངུལ་རྩ་ལས་ཁུངས་ཀྱིས་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ནུས་པ་གཙོ་བོ་འདོན་སྤེལ་ཡག་པོ་བྱ་དགོས་པ་དང་། རྒྱལ་ཁབ་གསར་སྦོལ་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དབུལ་སྐྱོར་དངུལ་རྩའི་དོན་ལས་པུའུ་ཇེ་མགྱོགས་སུ་འཛུགས་དགོས། ཚོང་ལས་དངུལ་ཁང་ཆེ་བ་དང་འབྲིང་བས་རྫོང་ཁོངས་གཞི་རིམ་གྱི་དངུལ་རྩ་དྲྭ་ཚུགས་སྒྲིག་སྦྱོར་བྱེད་པར་བརྟན་བརླིང་དང་བཟང་སྒྲུག་བྱས་ཏེ། ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་ཞིང་གསུམ་གནད་དོན་དང་འབྲེལ་བའི་དངུལ་རྩ་དོན་ལས་པུའུ་འཛུགས་པར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱ་དགོས། ཞིང་སྡེའི་ཡིད་རྟོན་ཁང་དང་། ཞིང་སྡེའི་ཚོང་ལས་དངུལ་ཁང་། ཞིང་སྡེའི་མཉམ་ལས་དངུལ་ཁང་སོགས་ཀྱིས་མུ་མཐུད་དེ་ཞིང་སྡེ་དངུལ་རྩའི་ཞབས་འདེགས་ཞུ་བའི་གཙོ་ཤུགས་འདོན་སྤེལ་ཡག་པོ་བྱ་དགོས་པ་བཅས་སོ།
བསམ་འཆར་གྱིས་བསྟན་དོན། དབུལ་ཕོངས་ས་ཁུལ་དུ་ཁེ་ལས་ཀྱིས་མ་དངུལ་བསྡུ་རུབ་བྱ་ཐབས་ཇེ་ཡངས་སུ་གཏང་དགོས་པ་དང་། དངུལ་འཛིན་དང་། ཉེན་འགོག་སོགས་དངུལ་རྩ་ལས་ཁུངས་ཀྱིས་དབུལ་ཕོངས་ས་ཁུལ་དུ་ཡན་ལག་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱ་དགོས་པ་བཅས་རེད། དེ་མིན་དབུལ་ཕོངས་ས་ཁུལ་གྱི་ཀུན་ཏུ་ཁྱབ་པའི་དངུལ་རྩ་འཕེལ་རྒྱས་གཏོང་བར་ཤུགས་ཆེན་པོར་སྐུལ་འདེད་གཏང་དགོས་པ་དང་།དབུལ་ཕོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་གྲོན་དངུལ་གཏོང་སྤྲོད་བྱེད་ཤུགས་ཇེ་ཆེ་རུ་གཏང་དགོས་པ། ཟམ་མི་ཆད་པར་རྩིས་ཞུ་ཐོ་ཁོངས་དང་། གཏོང་སྤྲོད་ཡོ་བྱད། གཏོང་སྤྲོད་ཞིབ་རྩིས་རྒྱག་པའི་དྲྭ་ཚུགས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ནོ།།