བོད་ལྗོངས་ཀྱི“དབུལ་སྐྱོར་ཆེན་པོས”“ཆེས་དབུལ་པོར”ཐག་གཅོད་དམག་འཐབ་བརྒྱབ་པ།

    མི་དམངས་དྲ་བ།    2016-01-30

མི་དམངས་དྲ་བའི་འཕྲིན།འདི་ལོ་ལོ་50ལ་སོན་པའི་དོན་གྲུབ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཡུལ་མི་ཡིན་པ་དང་ཁོང་ལ་གྲུམ་བུ་ཚིགས་ཆེན་གྱི་ནད་ཚབས་ཆེན་ཕོག་ནས་ལག་གཉིས་པོའི་མཛུབ་མོ་བཅུ་པོའི་རུས་ཚིགས་ཡོངས་རྫོགས་ཀྱོག་ཀྱོག་ཆགས་ནས་ངལ་རྩོལ་བྱེད་ཐབས་རྩ་བ་ནས་བྲལ་ཏེ་ཁྱིམ་ནང་གི་ལོ་གཅིག་གི་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ལས་མེད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད།དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ནས་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་དོན་གྲུབ་ཀྱི་ལོ་མང་རིང་གི་ཕུགས་འདུན་རེད།བོད་ནི་རྒྱལ་ཡོངས་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཚབས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་ཁར་གྲུམ་བུ་ཚིགས་ཆེན་གྱི་ནད་གཞི་ཕོག་མཁན་ཆབ་མདོ་ས་ཁུལ་དུ་གཅིག་སྡུད་བྱས་ནས་སྤྱི་འབོར་གྱིས་བོད་ཀྱི་60%ཡན་བཟུང་ནས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་ནི་ས་གནས་འཕེལ་རྒྱས་ཡོང་བར་ཚོད་འཛིན་བཟོ་བའི་གནད་དོན་ཆེ་ཤོས་ཀྱི་གྲས་ཤིག་རེད།འབྱུང་འགྱུར་ལོ་ལྔའི་ནང་དོན་གྲུབ་དང་འདྲ་བར་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་བློ་རིག་གིས་རྐྱེན་པས་དབུལ་པོར་གྱུར་པའི་མང་ཚོགས་ཁྲི་69ཡོད་པ་རྣམས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་དཔྱིས་ཕྱིན་པ་ཕུད་དེ་འབྱོར་ཕྱུག་གི་འཚོ་བ་སྐྱེལ་ཐུབ་རྒྱུ་རེད།གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱས་གསལ།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ཀྱི་འགག་སྒྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།གནད་སྨིན་དབུལ་སྐྱོར་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ།ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུར་གཅིག་འདོམས་སྐུལ་འདེད་གཏོང་བ།དབུལ་སྐྱོར་གསར་སྤེལ་དམིགས་ཚད་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་སོགས་བརྒྱུད་དབུལ་སྐྱོར་ཆེན་པོའི་རྣམ་པ་བཏོད་དེ་མི་འབོར་དབུལ་པོ་ཁྲི་69ཡོངས་རྫོགས་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།རྒྱལ་ཡོངས་ནས་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་ངོས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་སྲིད་ཇུས་དབུལ་སྐྱོར་དང་།ཆེད་དོན་དབུལ་སྐྱོར།ལས་རིགས་དབུལ་སྐྱོར།སྤྱི་ཚོགས་དབུལ་སྐྱོར།བོད་སྐྱོར་དབུལ་སྐྱོར།ཐོན་ལས་དབུལ་སྐྱོར་སོགས་དབུལ་སྐྱོར་བྱེད་ཐབས་རིམ་པས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་དབུལ་ཕོངས་སུ་འགྱུར་ཚད་32.95%དམའ་རུ་ཕྱིན་ཡོད་པ་རེད།འོན་ཀྱང་རང་བྱུང་གནོད་འཚེ་དང་ནད་གཞི་མང་པོ་ཐོན་པའི་དབང་གིས་མང་ཚོགས་དབུལ་པོའི་འཕེལ་རྒྱས་ནུས་པ་ཉམས་ཞན་དུ་གྱུར་པས་གནད་སྨིན་དབུལ་སྐྱོར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་གནད་དོན་འཕྲད་པ་དང་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་སྔར་བཞིན་དབུལ་པོར་བསྐྱར་དུ་འགྱུར་ཚད་མཐོ་བ་དང“དཀའ་ངལ་ཆེན་པོ་ཐག་གཅོད་བྱེད་དཀའ་བ”སོགས་ཀྱི་དཀའ་གནད་སྔར་བཞིན་གནས་ནས་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྲུན་ཐུཔ་པར་བྱེད་པར་ཚོད་འཛིན་བཟོ་བའི་ཞན་ཆ་ཆེ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་སྔར་བཞིན་ལྕི་པོ་ཡོད་པ་རེད།ཞིབ་ཕྲ་བལྟས་ན་མིག་སྔར་བོད་ཀྱི་དབུལ་སྐྱོར་ཐད་སྔར་བཞིན་མི་འབོར་དབུལ་པོའི་གཞི་གྲངས་མང་བ་དང་།དབུལ་ཕོངས་གཅིག་སྡུད་ཡུག་སྦྲེལ་ཡིན་པ།ཆ་ཤས་དབུལ་ཕོངས་ཡིན་པ་མངོན་གསལ་དོད་པ།དབུལ་ཕོངས་ཀྱི་ཚད་རིམ་ཧ་ཅང་མཐོ་བ།དབུལ་པོར་བསྐྱར་དུ་འགྱུར་བའི་སྣང་ཚུལ་ཡོངས་ཁྱབ་ཡིན་པ།བལྟོས་བཅས་དབུལ་ཕོངས་མངོན་གསལ་དོད་པ་སོགས་ཀྱི་དཀའ་ངལ་གནས་ཡོད།མི་སྡོད་ཁོར་ཡུག་ཞན་པ་དང་།ཐོན་སྐྱེད་བྱེད་སྟངས་རྗེས་ལུས་ཡིན་པ།མི་འབོར་དབུལ་པོའི་བྱང་ཚད་དམའ་བ་སོགས་རྒྱུ་རྐྱེན་གྱིས་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དཀའ་ངལ་བཟོ་གི་ཡོད་པ་རེད།2014ལོའི་ལོ་མཇུག་ཏུ་བོད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་ཕྱོགས་བསྡུས་མངོན་འགྱུར་བྱེད་ཚད་65 %ཟིན་ནས་དབུལ་ཕོངས་དེ་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ཚོད་འཛིན་བཟོ་བའི་སྟོན་གྲངས་གལ་ཆེན་དུ་གྱུར་ཡོད་པ་རེད།དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱས་ནས་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཐོག་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི” རིང་རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བའི་ཚད་གཞིའི་འོག་བོད་ཀྱིས་མི་འབོར་དབུལ་པོ་ཁྲི་69ཡོད་པ་རྣམས་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱས་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་དང་།རྫོང་དབུལ་པོ་ཡོངས་རྫོགས་ཀྱི་དབུལ་པོའི་ཞྭ་མོ་འབུད་པ།ས་ཁོངས་རང་བཞིན་གྱི་དབུལ་པོ་ཡོངས་རྫོགས་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་དབུལ་པོར་འགྱུར་ཚད་5%མན་དམའ་རུ་གཏོང་བ་དང་མི་འབོར་དབུལ་པོའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་16%ཡན་འཕར་བ་བྱ་རྒྱུ་བཏོན་ཡོད་པ་རེད།དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱ་ཆེད་བོད་ཀྱི་རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ནས་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱེད་པའི་ལས་འགན་མངོན་གསལ་དོད་ཤོས་སུ་བརྩིས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་ཀྱིས་དབུལ་སྐྱོར་ཆེན་པོའི་རྣམ་པ་ཞིག་བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ཐོན་འཕར་ལ་ལེགས་སྐྱེས་འབུལ་ཚད་45%ཟིན་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ནས་བྱང་ཤར་ལ་ཐད་ཀར་གཏོང་བའི་འགྲུལ་སྐྱེལ་མེ་འཁོར་ཐོག་མ་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།