ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ12ཚེས9ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི་བསྡོམས་རྩིས་གཞི་གྲངས་ལས་མངོན་དོན། མིག་སྔའི་བར་བོད་ལྗོངས་ཀྱི་གཞོན་ནུ་དང་དར་མའི་ཡིག་རྨོངས་ཀྱི་ཚད་བརྒྱ་ཆ0.52དམའ་རུ་ཕྱིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་འགོ་དང་བསྡུར་ན་བརྒྱ་ཆའི་ཚད0.5དམའ་རུ་ཕྱིན་པ་རེད།
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཡིག་ཆ་ལྟར་ན། བོད་ལྗོངས་སྤྱི་ཚོགས་རྙིང་བའི་སྐབས་སུ་སློབ་གསོ་མྱོང་མཁན་ཕལ་ཆེར་ནི་སྐུ་དྲག་གི་བུ་རྒྱུད་ཡིན་ཞིང་། མི་གྲངས་བསྡོམས་འབོར་བརྒྱ་ཆ95ཡི་ཞིང་བྲན་དང་བྲན་གཡོག་ལ་སློབ་གསོ་ཐོབ་བའི་དབང་ཆ་མེད་ལ། ན་གཞོན་ཡིག་རྨོངས་ཀྱི་ཚད་བརྒྱ་ཆ95ལ་ཟིན་ཡོད། ཡིན་ནའང་ད་ལྟར་བོད་ལྗོངས་སུ་ཡིག་རྨོངས་སེལ་བའི་མི་གྲངས་ཁྱབ་ཚད་བརྒྱ་ཆ100ཟིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཡོངས་ཀྱི་སློབ་ན་སོན་པའི་བྱིས་པ་ཚོ་སློབ་གྲྭར་འགྲོ་ཐུབ་པའི་ཆེད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་རིམ་ནང་བོད་ལྗོངས་ཀྱིས་རྒྱལ་ཡོངས་སུ་སློབ་ན་མ་སོན་པ་ནས་མཐོ་འབྲིང་སློབ་གསོའི་དུས་རིམ་བར་གྱི་སློབ་མ་ལ་ལོ15ཡི་རིན་མེད་སློབ་གསོ་མ་ལག་སྔོན་དུ་བཙུགས་ཡོད། བོད་རང་སྐྱོང་ལྗོངས་གཞུང་གཉེར་སློབ་གྲྭའི་སློབ་མ་ཚང་མས་ཆ་སྙོམས་ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་ལོངས་སུ་སྤྱད་ཅིང་། དམངས་བཙུགས་སམ་དེ་མིན་གྱི་སྡེ་ཁག་གིས་བཙུགས་པའི་སློབ་གྲྭའི་སློབ་མས་ཀྱང་འདྲ་མཉམ་གྱི་ནོར་སྲིད་ཁ་གསབ་ལོངས་སྤྱོད་བྱེད་ཆོག་པ་རེད།
དེ་མིན། 1985ལོ་ནས་བཟུང་ཞིང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་འགན་ལེན་གསུམ(བཟའ་སྡོད་དང་སློབ་སྦྱོང་གི་འགྲོ་སོང་འགན་ལེན་བ།)གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་བོད་ལྗོངས་སུ་རྒྱུན་མཐུད་ནས་ཐེངས14ལ་འགན་ལེན་གསུམ་གྱི་ཚད་གཞི་མཐོ་རུ་བཏང་ནས་ལོ་གཅིག་ནང་སློབ་མ་རེ་ལ་ཆ་སྙོམས་སྒོར་མོ3000ཡོད་པར་བྱས།
བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལྗོངས་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ1855དང་སློབ་ཁྲིད་བྱེད་ས322ལ་ཟིན་ཡོད། དེའི་ནང་མཐོ་རིམ་སློབ་གྲྭ་དཀྱུས་མ6ལ་འཕར་ཞིང་། འབྲིང་རིམ་ལས་རིགས་སློབ་གྲྭ9ཡོད། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་སློབ་གྲྭར་ཡོད་པའི་སློབ་མའི་གྲངས་ཁྲི60ལས་བརྒལ་བ་རེད། ད་ལྟའི་བར་སློབ་ཆུང་གི་སློབ་ཞུགས་ཀྱི་ཚད་བརྒྱ་ཆ98.94དང་དམའ་འབྲིང་དུ་ཞུགས་པའི་སློབ་མ་བརྒྱ་ཆ96.24ཡོད། མཐོ་འབྲིང་དུས་རིམ་དུ་ཞུགས་པའི་སློབ་མ་བརྒྱ་ཆ74.47དང་མཐོ་རིམ་སློབ་གསོ་རུ་ཞུགས་པའི་སློབ་མ་བརྒྱ་ཆ29.45ཡོད། སློབ་སྔོན་སློབ་གསོ་རུ་ཞུགས་པའི་སློབ་མ་བརྒྱ་ཆ61.49ཡོད། བོད་ལྗོངས་སུ་སློབ་སྔོན་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཁྱབ་པའི་ཆ་ཚང་བའི་དེང་རབས་སློབ་གསོ་མ་ལག་ཅིག་བཙུགས་ཡོད།