ས་གནས་དེ་གའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་ཞིང་། གསེར་གྱི་ཉི་ཟླ་གྲོང་ཁྱེར་གྱི་ཉེ་འདབས་སུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྤྱི་ཁུལ་བསྐྲུན་པས་ཡོང་འབབ་དམའ་བའི་མང་ཚོགས་ལ་ཕན་པ་ཐོབ་པ་རེད།
གསར་འགོད་པས་ཡུན་ནན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་དོན། ཡུན་ནན་གྱིས་ད་ལོར་མ་དངུལ་སྒོར་དུང་ཕྱུར1300 སྡེབ་སྒྲིག་བྱས་ཏེ་མི་རིགས་ས་ཁུལ་དུ་བཏང་ཞིང་། ཤང་ནས་གྲོང་སྡེའི་དུད་ཁྱིམ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་བཅས་ལ་རྒྱུད་འབྲེལ་ལེགས་བཅོས་བཏང་བ་དང་། དམངས་ཕྱུག་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུར་ཤུགས་བརྒྱབ་པ་རེད།
ཡུན་ནན་དུ་གྲངས་ཉུང་མི་རིགས25ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི1565ཡོད། ཡུན་ནན་ཞིང་ཆེན་གྱིས་ཉེ་ཆར«མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 བཏོན་པ་རེད། ལག་བསྟར་བསམ་འཆར་དེར་གཞི་བཟུང་ན། ཡུན་ནན་ཞིང་ཆེན་གྱིས་གྲོང་ཚོ་ཧྲིལ་པོ་དང་ཤང་ཧྲིལ་པོ། རྫོང་ཧྲིལ་པོ། ཁུལ་ཧྲིལ་པོར་སྐུལ་འདེད་དང་མི་རིགས་ཧྲིལ་པོར་རོགས་སྐྱོར་བྱེད་པའི་མཐུན་རྐྱེན་བསྐྲུན་ཏེ། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལེགས་སུ་བཏང་ནས་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་གྲོང་སྡེ395ཡི་དབུལ་བྲལ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ཞིང་། དབའ་རིགས་དང་ལ་ཧུའུ་རིགས། ལི་སུའུ་རིགས་བཅས་འདུས་སྡོད་གྲོང་སྡེ987ལ་གྲོང་སྡེ་ཧྲིལ་པོར་སྐུལ་འདེད་བཏང་ནས་དབུལ་ཕོངས་མི་རིགས་ཤང59ཡི་ཤང་ཧྲིལ་པོར་སྐུལ་སྤེལ་བྱས་པ་རེད།།