ཉེ་ཆར། མི་དམངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོའི་གསར་འགྱུར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོའི་ཉིན་རེའི་ཚགས་པར། ཀྲུང་གོའི་དངུལ་འཛིན་ཚགས་པར། དངུལ་རྩའི་སྐབས་དོན་ཚགས་པར། དཔལ་འབྱོར་དཔྱད་གཞིའི་ཚགས་པར་སོགས་ཀྲུང་དབྱང་གསར་འགྱུར་ལས་ཁུངས8ལས་གྲུབ་པའི་བཅར་འདྲི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་རང་ཁུལ་གྱི་འབྲེལ་ཡོད་རྫོང་(གྲོང་ཁྱེར)དུ་ཕྱིན་ནས་དངུལ་རྩས་གཅིག་བསྡུས་ཀྱིས་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་དབུལ་སྐྱོར་ཞིང་ཕན་ལས་གྲྭའི་ཐད་ཆེད་དོན་བཅར་འདྲི་བྱས་པ་རེད།
བཅར་འདྲི་ཚོགས་པ་དར་མདོ་གྲོང་ཁྱེར་ལྕམ་པ་གྲོང་སྡེའི་འབྲོག་པའི་གཞིས་ཆགས་སར་ཕྱིན་ནས་འབྲོག་པ་ཚོ་དངུལ་རྩའི་རོགས་རམ་འོག་གཞིས་ཆགས་ཐུབ་པ་དང་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་རོལ་ཐུབ་ནས། ཡར་ལངས་བདག་པོར་གྱུར་རྗེས་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་ཐེངས་གཉིས་ཐོབ་པའི་འབྲེལ་ཡོད་གནས་ཚུལ་ལ་བཅར་འདྲི་བྱས་པ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་གྲོང་ཚོ་སྟེ་ཉག་ཆུ་རྫོང་རི་དཀྱིལ་གྲོང་སྡེར་ཕྱིན་ནས་དངུལ་རྩ་ལས་ཁུངས་ཀྱིས་ཞིང་པའི་དུད་ཚང་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱས་ཏེ་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་གསར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ལ་བཅར་འདྲི་བྱས་ཤིང་། གནམ་འོག་གི་ཆེས་མཐའ་མའི་དྭངས་གཙང་གི་ཡུལ་ལྗོངས་འདབ་པའི་ཉི་སྟེན་དུ་ཕྱིན་ནས། རྫོང་དེའི་སྲིད་གཞུང་དང་རྫོང་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས་སོགས་སྡེ་ཁག་དང་དངུལ་རྩ་ལ་བརྟེན་ནས་དབུལ་སྐྱོར་ཞིང་ཕན་ལས་གྲྭ་སྟེ་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་ལས་ཀའི་ཐད་བཞུགས་མོལ་བྱས་པ་དང་། ཡུལ་དེའི་ཞིང་ལས་དང་འབྲེལ་བའི་དངུལ་རྩ་ལས་ཁུངས་ལ་ཆེད་དོན་བཅར་འདྲི་བྱས་པ་རེད།
2013ལོ་དབུལ་སྐྱོར་ཞིང་ཕན་ལས་གྲྭ་ལས་འགོ་ཚུགས་པ་ནས་བཟུང་། རང་ཁུལ་གྱི་དངུལ་རྩའི་ལས་ཁུངས་ཀྱིས་གཞན་ལས་ལྷག་པའི་ཁྱད་ཆོས་ལྡན་པའི་ཐོན་ལས་དང་། ཞིང་སྡེ་གསར་པ་དང་གྲོང་རྡལ་གསར་པ་འཛུགས་སྐྲུན་བྱ་རྒྱུ། དབུལ་ཕོངས་མི་འབོར་གྱི་ལས་སྐྲུན་དང་ལས་ཞུགས། ཞིང་སྡེའི་འཛད་སྤྱོད་ཚོང་ར། ཁེ་ལས་ཆུང་འབྲིང་སོགས་དབུལ་སྐྱོར་གསར་སྦོལ་གྱི་ཁྱབ་ཁོངས་གཙོ་བོ་དང་། གནད་འགག་ཐུག་ས་ཞན་པའི་དངུལ་རྩའི་རྒྱབ་སྐྱོར་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས། མགྱོགས་མྱུར་ངང་དབུལ་ཕོངས་མི་འབོར་ཁྲི19ཉུང་དུ་བཏང་ཞིང་བཏང་ཚད་བརྒྱ་ཆ52ལ་སླེབས་པར་དངུལ་རྩའི་འགན་ལེན་ནུས་ལྡན་བྱས་པ་རེད། མིག་སྔའི་བར་དུ་ཁུལ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་དངུལ་བུན་སྣ་ཚོགས་ཀྱི་ལྷག་དངུལ་སྒོར་དུང་ཕྱུར220.92ཡོད་ཅིང་། ལོ་གསུམ་གྱི་རིང་ཆ་སྙོམས་འཕར་ཚད་བརྒྱ་ཆ15.71ཡིན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གྲངས་ཀ1.26ལས་མཐོ་བ་དང་། དངུལ་བཅོལ་བ་དང་ལེན་པ། སྤོ་བ་སོགས་རྨང་གཞིའི་དངུལ་རྩའི་ཞབས་ཞུ་ལས་ཀ་དེ་ཆ་རྐྱེན་ཡོད་པའི་ཤང(གྲོང་རྡལ། གྲོང་སྡེ།)ཡོངས་ལ་ཁེབས་པ་དང་ཞིང་འབྲོག་ས་ཁུལ་གྱི་མ་དངུལ་གཏོང་སྤྲོད་རྩིས་རྒྱག་བྱེད་དུས་དངུལ་དུས་ཐོག་ཏུ་སླེབས་ཐུབ་པ་མངོན་འགྱུར་བྱུང་བ་རེད།།