ཟླ་བ10པའི་ཚེས23ཉིན་མཐུན་སྒྲིལ་འབད་བརྩོན་བྱེད་ཅིང་། ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སི་ཁྲོན་དང་ཡུན་ནན།བོད་ལྗོངས།མཚོ་སྔོན་བཅས་ས་མཚམས་བོད་ཁུལ་གྱི་གྲོང་ཁྱེར་དང་ཁུལ་འགོ་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་དེ་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱིས་གཙོ་འགན་བཞེས།
སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁེ་ཉིང་དང་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཚབ་བྱས་ཁུལ་དཔོན་ཆི་ཅན་ཞིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཨ་བུ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་པད་རྒྱལ་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚེ་རིང་ཐར་དང་ཁུལ་དཔོན་གཞོན་པ་མར་ཐའེ་ཧྥུང་དང་རང་ཁུལ་གྱི་འགོ་ཁྲིད་དབྱང་ཁའེ། ཁྲེང་ཀྲུང་དབྱི། བྱམས་བློ། ཀྲང་ཧའོ། ལི་ཞིན་ཝུན། ཧྲུའུ་ཏ་ཁྲུན། གོ་ཉིང་སོགས་མཉམ་འབྲེལ་ཚོགས་འདུ་ནང་ཞུགས་པ་རེད།
སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུག་ཡིག་ཆེན་མོ་བ་གཞོན་པ་ལི་ཀྲི་ཆང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། བོད་ཁུལ་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཕིང་སོགས་གདན་ཞུ་ལྟར་ཚོགས་འདུ་ནང་ཕེབས་ནས་ཁྲིད་སྟོན་གནང་བ་རེད།
ལིའུ་ཁྲེང་མིང་གིས་ཤིས་ཚིག་ནང་བསྟན་དོན། དཀར་མཛེས་ཁུལ་ནི་ཀྲུང་གོ་གསར་པས་བཙུགས་པའི་གྲང་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་ཨང་དང་པོ་ཡིན་པས། རང་བྱུང་མཛེས་ལྗོངས་མང་ལ་ཡུལ་སྲོལ་བཟང་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པོའི་ས་གནས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞུམ་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་བ་དང་།སྤུན་ཟླ་གྲོང་ཁྱེར་དང་ཁུལ་གྱིས་རོགས་རམ་དང་རྒྱབ་སྐྱོར་གནང་འོག ཁུལ་ཡོངས་ཀྱི་དཔལ་འབྱོར་མགྱོགས་སུ་འཕེལ་རྒྱས་ཡོང་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ལ་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ། ས་ཁོངས་དང་ཐོན་ཁུངས། ཐོན་ལས། མི་ཆོས་སོགས་ཀྱི་བཟང་ཆ་རིམ་བཞིན་དུ་མངོན་གསལ་དོད་པས། འཕེལ་རྒྱས་གཏོང་བའི་དུས་བཟང་ཞིག་ཤར་བ་རེད། དེང་སྐབས། ང་ཚོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཤུགས་ཆེན་པོས་འཕེལ་རྒྱས་དང་དམངས་འཚོ། བརྟན་ལྷིང་བཅས་དོན་ཆེན་གསུམ་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་སྐྲུན་བཞིན་ཡོད། རྔ་བ་དང་བདེ་ཆེན། ཆབ་མདོ། ཡུལ་ཤུལ། མགོ་ལོག དཀར་མཛེས་ནི་ས་མཚམས་སྣེ་འབྲེལ་གྱི་ས་ཁུལ་ཡིན་ལ་མི་རིགས་བསྲེས་འདྲེས་ཀྱི་རིག་གནས་བར་ཁྱམས་ཀྱང་ཡིན། ང་ཚོས་ལག་གདང་སྦྲེལ་ཏེ་མཉམ་ལས་བྱས་པར་བརྟེན་ཕན་ཚུན་ཁེ་ཕན་ཐོབ་པར་བྱ་དགོས།
ཚོགས་ཐོག་རང་ཁུལ་གྱི་ལས་བགོས་འགན་ཁུར་ཁུལ་དཔོན་གཞོན་པས་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ས་མཚམས་བོད་ཁུལ་གྱི་གྲོང་ཁྱེར་དང་ཁུལ་འགོ་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་སྒྲོག་འདོན་བྱས་ཤིང་། ཐུན་མོང་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་རྒྱལ་ཁབ་ནས་རྒྱབ་སྐྱོར་སྲིད་ཇུས་རག་ཐབས་བྱ་རྒྱུའི་འབྲེལ་ཡོད་ལས་དོན་དང་ཁམས་པའི་སྒྱུ་རྩལ་དུས་ཆེན་གཉེར་རྒྱུར་བཅོས་བསྒྱུར་དང་གྲ་སྒྲིག་གི་འབྲེལ་ཡོད་ལས་དོན་སོགས་སྒྲོག་འདོན་བྱས། དུས་མཚུངས་སུ་སི་ཁྲོན་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་དོན་གཞུང་ལས་ཁང་། ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་སོགས་ཀྱི་འགན་ཁུར་མི་སྣས་གང་འདྲ་བྱས་ན་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ས་མཚམས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་ལ་ཁྲིད་སྟོན་རང་བཞིན་ལྡན་པའི་གྲོས་གཞི་བཏོན་པ་རེད།།