སི་ཁྲོན་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར།    སི་ཁྲོན་གསར་འགྱུར་དྲ་བ།    2015-10-23

སི་ཁྲོན་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

   སྤྱི་ཟླ་10 པའི་ཚེས་20 ཉིན། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་བ་དང་། སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་གོམ་གང་མདུན་སྤོས་ཀྱིས་དུས་བབ་ལ་དབྱེ་ཞིབ་དང་། ཉམས་མྱོང་ཕྱོགས་བསྡོམས། ལས་ཀར་བཀོད་སྒྲིག་བྱས།
   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་མཇུག་བསྡོམས་ཚོགས་འདུའི་ཐོག་གསུང་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོག་ཙི་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་ལི་ཡང་ཚོགས་འདུར་ཞུགས། 
   ཝང་ཏུང་མིང་གིས་བསྟན་དོན། བོད་རིགས་ས་ཁུལ་གྱི་ལས་ཀ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏང་བ་དང་། རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱེད་པར་འགངས་ཆེ་ལ་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན། སི་ཁྲོན་བོད་རིགས་ས་ཁུལ་དུ་སྔར་ནས་བཟུང་བོད་ཁུལ་བརྟན་བརླིང་ཡོང་བར་ངེས་པར་དུ་ཁམས་ཕྱོགས་གཏན་འཇགས་ཡོང་དགོས་ཞེས་པའི་འཐབ་ཇུས་ཀྱི་གོ་གནས་དང་། སི་ཁྲོན་བོད་རིགས་ས་ཁུལ་གྱི་ལས་ཀ་ཁག་ཡག་པོ་བསྒྲུབ་རྒྱུ་ནི་བོད་རིགས་ས་ཁུལ་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྤྱིའི་ཡོངས་དང་འབྲེལ་བ་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱས་པ་དང་། སི་ཁྲོན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བོད་རིགས་ས་ཁུལ་གྱི་ལས་ཀ་ཁག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པས་དཔལ་འབྱོར་རྒྱུན་མཐུད་ངང་ཅུང་མགྱོགས་པོ་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ། སྤྱི་ཚོགས་སྤྱིའི་ཁྱོན་ཡོངས་བརྟན་བརླིང་ཡིན་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
   ཝང་ཏུང་མིང་གིས་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་དགོས་ཤིང་། བོད་ཁུལ་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱ་སྟེ། གོམ་གང་མདུན་སྤོས་ཀྱིས་སྤྱིའི་ཡོངས་ཀྱི་འདུ་ཤེས་དང་། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཤུགས་ཇེ་ཆེར་གཏང་ནས། འཐབ་ཇུས་གཅིག་སྡུད་རྒྱུན་འཁྱོངས་དང་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས།གཏན་འཁེལ་བྱས་པའི་བཀོད་སྒྲིག་ལྟར་རྒྱུན་སྲིང་ངང་ནུས་ཤུགས་བཏོན་ཏེ། འབད་པ་ཆེན་པོས་སི་ཁྲོན་བོད་རིགས་ས་ཁུལ་གྱི་ལས་ཀ་ཁག་སྔར་ལས་ལེགས་པར་བསྒྲུབ་དགོས། ད་ལྟ་དང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་སྐྱོང་འཐབ་ཇུས་ཀྱི་དགོངས་དོན་དང་གལ་ཆེའི་བཀོད་སྒྲིག་ལ་ལག་ལེན་མཐར་ཕྱིན་བྱ་དགོས་ཤིང་།ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་པོར་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ལ་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱ་རྒྱུ་དེ་གཞི་འཛིན་གནས་དང་ཤུགས་འདོན་གནས་སུ་བྱེད་དེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་དེ་ལས་ཀའི་དམིགས་སའམ་དོན་ཐོག་ཏུ་འབབ་སར་རྒྱུན་འཁྱོངས་བྱེད་ནས། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་རིག་ལམ་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་དང་།དོན་ཆེན་གསུམ་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས། འཐབ་ཕྱོགས་ལྔ་མཉམ་དུ་ནུས་ཤུགས་བཏོན་པའི་ལས་ཀའི་རྣམ་པར་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་དེ་སྤྱི་ཚོགས་ཀྱི་སྤྱིའི་ཡོངས་ཀྱི་བརྟན་བརླིང་དང་ཡུན་རིང་བདེ་འགོད་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་བླག་འཕེལ་རྒྱས་ཡོང་ཐུབ་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དངོས་པོའི་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོང་བ་བཅས་ལ་འགན་ལེན་བྱ་དགོས། 
  ཝང་ཏུང་མིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་གཅིག་སྡུད་ཀྱིས་བོད་རིགས་ས་ཁུལ་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་འགག་སྒྲོལ་ལས་སྒྲོལ་བའི་འཐབ་འཁྲུག་སྤེལ་དགོས། མུ་མཐུད་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་། འགྲིམ་འགྲུལ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། རེས་སྐོར་གསར་པའི་འགྲིམ་འགྲུལ་གྱི་མཉམ་རུབ་ཆེན་པོར་འཆར་འགོད་ལག་བསྟར་བྱ་དགོས། ཤུགས་ཆེན་པོས་བོད་རིགས་ས་ཁུལ་གྱི་གློག་དྲའི་རིམ་འཕར་དང་སྒྱུར་བཀོད་ལས་ཀར་སྐུལ་འདེད་གཏང་བ་དང་། གྲོང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི་འཛུགས་སྐྲུན་ལག་བསྟར་གཏིང་ཟབ་བྱ་དགོས། བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུར་ཤུགས་བསྣན་ཏེ་ཁྱད་ལྡན་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། ཡུལ་སྐོར་གོང་འཕེལ་གཏང་རྒྱུ་དེ་ཐོན་ལས་ལ་བརྟེན་ནས་དམངས་ཚོགས་ཕྱུག་འགྱུར་ཡོང་བའི་གལ་ཆེ་བའི་རྟེན་གཞི་རུ་བཟུང་དགོས། ཧུར་ཐག་གིས་དེང་རབས་ཀྱི་ཞིང་འབྲོག་ལས་རིགས་གོང་འཕེལ་གཏང་དགོས་ལ། ཧྥེ་དིས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བ་དང་མང་ཚོགས་སྐུལ་ཁྲིད་བྱ་སྟེ་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བ་བྱ་དགོས།སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེའི་གོ་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དེ། ཤུགས་ཆེན་པོས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་ཞིང་བསྐྱུར་ནགས་འཛུགས། ཕྱུགས་སྐྱུར་རྩྭ་གསོ་སོགས་ལས་གཞི་ལག་བསྟར་བྱ་དགོས། བོད་སྐྱོར་ལས་ཀ་སྤེལ་ཤུགས་སྔར་བས་ཤུགས་ཆེ་རུ་བཏང་སྟེ་གོམ་གང་མདུན་སྤོས་ཀྱིས་བོད་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།
   ཝང་ཏུང་མིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བར་དམ་པོར་དམིགས་ཏེ། ཤུགས་ཆེན་པོས་བོད་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། རྒྱུན་མཐུད་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་འཚོའི་དོན་དངོས་སྒྲུབ་པ་དང་། དམངས་འཚོའི་འདུ་འགོད་འཆར་གཞིར་ཁག་དྲུག་ལག་བསྟར་བྱེད་ཚད་མགྱོགས་སུ་གཏང་སྟེ། ནུས་ཤུགས་ཡོད་རྒུས་སྡོད་ཁང་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་། རིག་གནས་སོགས་འབུར་དུ་ཐོན་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱ་དགོས། སློབ་གསོ་ལས་ཀ་དེ་མི་སེམས་གཅིག་ཏུ་སྒྲིལ་བའི་བླ་སྲོག་གི་ལས་གཞི་རུ་འཛིན་དགོས། མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི་གཏིང་ཟབ་པོའི་ངང་ནས་ལག་བསྟར་བྱ་དགོས་ཤིང་། བོད་ཁུལ་གྱི་ལོ་15 ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱོན་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱ་བ་དང་། མུ་མཐུད་དུ་དགུ་ཐོག་གསུམ་སྣོན་གྱི་རིན་མེད་སློབ་གསོའི་འཆར་གཞི་ལག་ཏུ་བསྟར་ཞིང་། ཤུགས་ཆེན་པོས་རྒྱང་བསྟེན་སློབ་གསོ་གོང་འཕེལ་གཏང་ནས་མཐའ་གཅིག་ཏུ་དབུལ་ཕོངས་མི་རབས་ནས་མི་རབས་སུ་བརྒྱུད་པར་འགོག་གཅོད་བྱ་དགོས། ནུས་ཤུགས་ཡོད་རྒུས་ལས་ཞུགས་ཏེ་དམངས་འཚོའི་གཞི་རྩ་དམ་འཛིན་ཡག་པོ་བྱ་དགོས། ཞིང་པའི་ལས་རིགས་རྩལ་ནུས་མཐོ་འདེགས་གཏང་བའི་འཆར་གཞི་དང་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ལས་རིགས་གསོ་སྦྱོང་བྱ་སྤྱོད་གཏིང་ཟབ་པོའི་སྒོ་ནས་སྤེལ་ཏེ་ལས་ཞུགས་དང་སློབ་གསོ་གཅིག་གྱུར་སྒོས་འཆར་འགོད་བྱ་སྟེ་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་ཞིག་གསོ་སྐྱོང་བྱ་དགོས། དབུལ་སྐྱོར་འགག་སྒྲོལ་བྱ་རྒྱུ་དེ་ནི་བོད་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱ་བར་འབུར་དུ་ཐོན་པའི་འགན་འཁྲི་རུ་བཟུང་སྟེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན་བྱ་ནས་ངེས་པ་དོན་གྱིས་བཀོད་སྒྲིག་དང་དོན་འཁྱོལ་ཁག་དམ་འཛིན་བྱ་སྟེ་གནད་སྨིན་དྲུག་དང་སྐོར་ཁག་ལྔ། གཙོ་གནད་ལས་ཀ་ཁག་བཅུ་གྲོང་ཚོ་དང་དུད་ཚང་། མིའི་སྟེང་དུ་ལག་བསྟར་བྱ་སྟེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་འགྱུར་བྱ་དགོས།
   ཝང་ཏུང་མིང་གིས་བསྟན་དོན། ངེས་པར་དུ་ཁྲིམས་ལྟར་དོ་དམ་དང་སློབ་གསོ་མཛུབ་སྟོན་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱ་དགོས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་བྱ་རྒྱུ་བརྟན་པོའི་ངང་ནས་སྐུལ་འདེད་བྱ་དགོས། དགོན་སྡེའི་དོ་དམ་གསར་གཏོད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱ་དགོས། རིམ་པ་བགོས་ནས་འགན་ཁུར་བ་དང་ཁོངས་གཏོགས་དོ་དམ།དགོན་སྡེའི་རིགས་དབྱེའི་དོ་དམ་ཚད་ལོངས་རིམ་སྤར་གཏིང་ཟབ་ཏུ་གཏང་བ་དང་། དགོན་སྡེའི་དོ་དམ་ཡུན་ཕན་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་སློབ་གསོ་དང་གསོ་སྐྱོང་ལ་ཤུགས་སྣོན་བྱ་དགོས་ཤིང་།  ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་། ཤེས་ཡོན་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། གནད་འགག་དང་འཕྲད་དུས་ནུས་པ་འདོན་ཐུབ་པའི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་དགོས། དམངས་འཚོར་ཕན་པའི་སྲིད་ཇུས་ཁག་དགོན་སྡེའི་ནང་དུ་དོན་འཁྱོལ་ཡོང་བར་བྱ་དགོས།
   ཝང་ཏུང་མིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་ཐོག་མཐའ་བར་གསུམ་ནས་ཁྲིམས་ལྟར་བོད་སྐྱོང་བ་དེ་རྩ་བའི་བྱ་ཐབས་ཤིག་ཏུ་བཟུང་སྟེ། བོད་རིགས་ས་ཁུལ་གྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་བོད་རང་བཙན་གྱི་སྟོབས་ཤུགས་ཀྱིས་སིམ་འཛུལ་རྩ་སློག་གཏོར་བཤིག་གི་བྱ་སྤྱོད་སྤེལ་བར་དང་ཐོག་ནས་རྡུང་རྡེག་གཏང་སྟེ་ལས་ཀའི་རང་འགུལ་དབང་ཆ་དམ་དུ་འཛིན་དགོས། བརྟན་པོའི་ངང་བཅའ་ཁྲིམས་དགོན་སྡེ་དང་། འབྲོག་ཁུལ། ལས་ཁུངས།  སློབ་གྲྭ་སོགས་སུ་སྐྱེལ་བར་སྐུལ་འདེད་གཏང་སྟེ། ཤུགས་ཆེན་པོའི་ངང་ནས་བོད་རྒྱ་སྐད་གཉིས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་དང་གྱོད་དོན་ཐད་ནས་ཁྲིམས་བཤད་སྤེལ་དགོས། ཤུགས་ཆེན་པོ་འདོན་ནས་བོད་ཁུལ་གྱི་སྤྱི་ཚོགས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཁག་བརྟན་པོར་བསྒྲུབ་དགོས། འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ནས་ཆེད་དམིགས་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་ངོས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱ་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་བརྟན་བརླིང་དང་ཉེན་ཁ་དཔྱད་དཔོག་ལམ་ལུགས་དོན་འཁྱོལ་བྱ་དགོས།
   ཝང་ཏུང་མིང་གིས་ནན་གྱིས་བསྟན་དོན།  ངེས་པར་དུ་གནས་ལུགས་ལྡན་པ་དང་ཞུམ་མེད་ཀྱིས་བསམ་བློའི་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱ་སྟེ་ཤུགས་ཆེན་པོས་བོད་ཁུལ་དུ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ཡར་ཐོན་གྱི་རྣམ་པ་བཟང་པོ་བསྐྲུན་དགོས། བྱེད་ཤུགས་ཆེ་རུ་གཏང་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། དམིགས་ས་ཡོད་པའི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་ལ་སློབ་གསོའི་ཁྲིད་སྟོན་བྱ་སྟེ་ཡིན་མིན་གྱི་དབྱེ་བ་འབྱེད་དགོས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱ་སྟེ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས། དབུལ་སྐྱོར་གསར་སྤེལ་འགག་སྒྲོལ་སོགས་ཀྱི་གྲུབ་འབྲས་ཆེན་པོ་གང་ལེགས་སྒོས་མངོན་པར་བྱ་སྟེ་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱ་བར་ཤུགས་སྣོན་བྱ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གསར་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་གིས་མི་རིགས་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བྱ་སྟེ་མི་རིགས་ཁག་གི་ཐུན་མོང་གི་བསམ་བློའི་ཁྱིམ་གཞིས་བསྐྲུན་དགོས།
  ཝང་ཏུང་མིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་བོད་རིགས་ས་ཁུལ་གྱི་ཚན་ཁག་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བྱ་དགོས་པ་དང་། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་སྟོབས་ལྡན་མཁོ་འདོན་བྱ་དགོས། དམིགས་བསལ་གསུམ་གྱི་ཆབ་སྲིད་ཀྱི་ཚད་གཞི་དང་ལས་ཀའི་བླང་བྱ་མངོན་གསལ་བྱ་དགོས་ཤིང་། དོན་ངོ་མར་ཡིན་མིན་གྱི་ལངས་ཕྱོགས་དབྱེ་འབྱེད་ཧ་ཅང་གསལ་མོ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་སྤྱོད་དམིགས་བསལ་གྱི་བརྟན་པོར་ཡིན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་ལྷད་མེད་ཀྱི་བརྩེ་དུང་དམིགས་བསལ་ཡོད་པའི་ཕུལ་བྱུང་གི་ལས་བྱེད་པ་གདམ་གསེས་དང་བཀོལ་སྤྱོད་བྱ་དགོས། གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་གཏོང་། རྨང་གཞི་བརྟན་དུ་གཏང་བ། གཙོ་གནད་ཤུགས་ཆེ་རུ་གཏང་བ། ལྷུ་ཚིགས་ཞན་སར་རྩ་འཛུགས་ཀྱི་ཁེབས་རྒྱ་དང་ལས་ཀའི་ཁེབས་རྒྱ་བཅས་རྒྱུན་འཁྱོངས་བྱ་སྟེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྔར་བས་བརྟན་པོ་དང་སྟོབས་ཤུགས་ལྡན་དགོས།  དྲང་གསུམ་ནན་གསུམ་གྱི་ཆེད་དོན་སློབ་གསོ་དམ་འཛིན་ནན་མོ་བྱ་སྟེ་ཏང་ཡོན་ལས་བྱེད་པར་དྲང་གསུམ་ནན་གསུམ་གྱི་བླང་བྱ་རང་འགུལ་ངང་ལག་ལེན་བྱ་བར་སྣེ་ཁྲིད་བྱ་དགོས། བརྩེ་སེམས་དང་འགན་འཁྲི་བཅང་ནས་ལས་ཀ་ཁག་ལེགས་པོར་བསྒྲུབ་དགོས། བོད་རིགས་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་བྱེད་པའི་བྱེད་ཤུགས་ཆེ་རུ་གཏང་ནས་ནན་ཏན་གྱིས་ཀྲུང་དབྱང་གི་སྲིད་ཇུས་དང་ཞིང་ཆེན་གྱི་དམིགས་བསལ་བྱེད་ཐབས་ཁག་དོན་འཁྱོལ་བྱ་ནས་བོད་ཁུལ་ལས་བྱེད་པར་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་བསྐྲུན་དགོས།
   ཝེ་ཧུང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཝང་ཏུང་མིང་གིས་གལ་ཆེའི་གསུང་བཤད་ཀྱིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་རེ་ཞིང་ཆེན་གྱི་བོད་ཁུལ་ལས་ཀ་ཁག་ལ་བླང་བྱ་ཁ་གསལ་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ངོས་འཛིན་ཟབ་མོར་བྱ་སྟེ། དོན་དངོས་ཀྱིས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས། ནན་ཏན་གྱིས་བོད་ཁུལ་འཕེལ་རྒྱས་གྱི་གཙོ་གནད་ཁོང་དུ་ཆུད་པ་བྱ་སྟེ་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་པོར་འཛིན་པ་རྒྱུན་འཁྱོངས་དང་། བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་རིགས་གོང་འཕེལ་བྱེད་ཤུགས་ཆེ་རུ་གཏང་དགོས། སློབ་གསོ་སྔོན་དུ་གོང་འཕེལ་གཏང་རྒྱུ་དང་སྨན་བཅོས་འཕྲོད་བསྟེན་འཛུགས་སྐྲུན། ལས་ཞུགས་སྐུལ་སྤེལ་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་ཀ་ཁག་ཤུགས་ཆེན་པོས་དམ་འཛིན་བྱ་ནས་ནན་མོ་སྒོས་བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་ཀ་ཁག་བྱེད་ཤུགས་ཆེ་རུ་གཏང་དགོས། ནོར་སྲིད་སྲིད་ཇུས་དང་མ་འཇོག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་སྟེ་སྲིད་གཞུང་གིས་བསྒྲུབ་དགོས་པའི་དོན་རྣམས་ལེགས་པོར་བསྒྲུབ་དགོས་པ་དང་། ཁ་གཏད་རོགས་སྐྱོར་གྱི་ལས་ཀ་ཁག་བཟང་པོར་བསྒྲུབ་སྟེ་ནན་ནན་ཏན་ཏན་གྱིས་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་བྱ་དགོས།  
   སྔ་དྲོར།རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལའང་ཧྲན་ཁུལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དག་གིས་བརྗེ་རེས་གཏམ་བཤད་སྤེལ། ཕྱི་དྲོར། ཚོགས་ཞུགས་བློ་མཐུན་རྣམས་གྱི་ཝང་ཏུང་མིང་གིས་གསུང་བཤད་གཞིར་བྱས་ནས་ཚོགས་ཆུང་བགོས་ཏེས་གྲོས་བསྡུར་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། འབྲེལ་ཡོད་ཞིང་དཔོན་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་འགོ་གཙོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་འགོ་གཙོ། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི། ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག( ཚན་པ།)  ཚན་རིག་ཞིབ་འཇུག་སྡེ་ཁག མཐོ་རིམ་སློབ་གྲྭ་ཁག རྒྱལ་གཉེར་ཁེ་ལས་དང་བོད་ཁུལ་གྱི་ཆུས་དང་རྫོང་དང་གྲོང་ཁྱེར32ཀྱི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།།
  • ལེ་ཚན་སྔོན་མ།:སྣུམ་ཚོན་རི་མོ་བ་གྲགས་ཅན་ངག་དབང་གྲགས་པའི་སྒྱུ་རྩལ་བརྩམས་ཆོས་པེ་ཅིང་ནས་འགྲེམ་སྟོན་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:འབར་ཁམས་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་སྤྱི་ཟླ10པའི་ཚེས23ཉིན་འགོ་ཚུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།