བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས།

        2015-09-10

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ9པའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ། ལོ50ཡི་རིང་བསིལ་རླུང་ལྡང་ཞིང་སྦྲང་ཆར་བབས། ལོ50ཡི་རིང་ཕན་བདེའི་གྲུབ་འབྲས་གཡུར་དུ་ཟ། ཚེས8ཉིན་གྱི་སྔ་དྲོ། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཁྲི་2ཙམ་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འདུ་འཛོམས་བྱས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་སྒོ་བན་ཐོག“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
 གནའ་གྲོང་ལྷ་སའི་གང་ས་གང་དུ་དར་ཚོན་དང་མེ་ཏོག་སོས་པ་དང་། དགའ་འབོད་ཀྱི་སྒྲས་ཁེངས། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་མདུན་དུ་བོད་བཟོའི་ཉམས་འགྱུར་ལྡན་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་སྟེགས་བུ་བརྒྱབ་ཡོད། ཀྲུའུ་ཞི་སྟེགས་བུའི་སྟེང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་ཚོགས་ཆེན”གྱི་འཕྲེད་འགེལ་སྦྱར་ཡིག་མངོན་གསལ་ཤིན་ཏུ་དོད་པ་དང་། གྱང་སྟེང་དུ་རྟེན་འབྲེལ་ཚོགས་རྟགས་དང“1965”དང“2015”ཡིག་རིས་བཀལ་ཡོད། ཀྲུའུ་ཞི་སྟེགས་བུའི་ཁ་སྤྲོད་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་རྔ་སྒྲ་ལྡིར། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་མི་རིགས་ཁག་གི་མང་ཚོགས་ཚོས་སྔ་ས་ནས་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་འདུ་འཛོམས་བྱས་ཏེ་ལག་གིས་རྒྱལ་དར་དང་དར་ཚོན་གཡུག་གཡུག་བྱས་པས་དགའ་སྤྲོ་འཁོལ་བའི་རྒྱ་མཚོ་ལྟར་དུ་གྱུར།
 སྔ་དྲོའི་ཆུ་ཚོད10པར་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མས་ཡར་ལངས་ཏེ་རྒྱལ་གླུ་བཏང་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དལ་བུར་བསྒྲེངས། མི་རིགས་ཀྱི་གྱོན་ཆས་གོན་པའི་ལོ་ཆུང་གདོང་ལེན་རུ་མིས་ཀྲུའུ་ཞི་སྟེགས་བུར་བཞུགས་པའི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་ཚོར་མེ་ཏོག་སོས་པ་ཕུལ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ལྷག་བསམ་རྣམ་དག་ངང་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད།
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཡན་ཏུང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
 ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་རྟེན་འབྲེལ་སྒོ་བན་དང་ལེན་ཞུས་པ་རེད། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཁྲུན་ལན་དང་། ཏུའུ་ཆིང་ལིན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། ཀྲང་ཡང་བཅས་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི།བོད་དམག་ཁུལ་ཁང་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲེན་ཆོན་གོ་དང་། བོད་དམག་ཁུལ་གྱི་སི་ལིང་ཡོན་ཞུས་ཡུང་། མང་ཚོགས་ཀྱི་འཐུས་མི་འཇམ་དཔལ་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་། ཏེའོ་གོ་ཤིན། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལེན། ཝང་གཡུང་ཅུན། ཙེང་དབན་མིང་བཅས་དང་། རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་སོགས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་མཁན་བློ་མཐུན་རྒན་གྲས་ཀྱི་འཐུས་མི་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུར་བཞུགས། རྟེན་འབྲེལ་ཚོགས་ཆེན་དེ་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་རེད།
 སྤྲོ་སྣང་གི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཡུས་ཀྲེང་ཧྲེང་གིས་སྤྲོ་སེམས་རབ་ཏུ་འཕེལ་་བའི་ངང་ནས་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན།རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ལས་རིགས་ཁག་གི་མི་སྣ། མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་བཅོས་བསྒྱུར་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། བོད་ལ་ཐུགས་ཁུར་དང་དགའ་ཞེན། བོད་གོང་འཕེལ་དང་ཡར་ཐོན་ཡོང་བར་རྒྱབ་སྐྱོར་གནང་མཁན་གྱི་སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
 ཡུས་ཀྲེང་ཧྲེང་གིས1965ལོའི་ཟླ་བ9པའི་ཚེས1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་ལྷ་སར་རྒྱལ་ཁའི་ངང་སྐོང་ཚོགས་བྱས་ཏེ། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་གཙོ་བོ་མཛད་པའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོས་བཏོན་གནང་བའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཤིག་རེད། མི་ལོ་50རིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྒྱུར་བཀོད་གོང་འཕེལ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ལྷོད་མེད་བྱེད་པའི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་མཛད་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
 ཡུས་ཀྲེང་ཧྲེང་གིས་འོད་སྟོང་འབར་བའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིང་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པོ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་པོ་དང་མཁས་མཛངས་ལྡན་པའི་ཐབས་ཇུས་ལས་བྱུང་བའི་འབྲས་བུ་ཞིག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔར་སོང་རྒྱུན་འཛིན་དང་ཡང་དག་པའི་འགོ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་ཞིག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་ལྷག་བསམ་རྣམ་དག་གིས་རོགས་རམ་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན། འོད་སྟོང་འབར་བའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འདིའི་ཆེས་ཆེའི་ཁྱད་འཕགས་རང་བཞིན་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་མཚོན་ཡོད་ཅེས་གསུངས།
 ཡུས་ཀྲེང་ཧྲེང་གིས་ཉེ་ཆར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་ཚོགས་གནང་བ་དེའི་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་དང་དམིགས་བསལ་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཐུབ་པར་མ་ཟད། ཏང་གི་བོད་ཀྱི་ལས་ཀའི་ལོ་རྒྱུས་ཐོག་སླར་ཡང་དོན་སྙིང་གལ་ཆེན་ལྡན་པའི་ལམ་ཚད་རྡོ་རིང་ཞིག་ཏུ་གྱུར་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་མཐའ་འཁྱོངས་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱག་རྒྱུ་དེ་ལས་ཀའི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་རྒྱུན་འཁྱོངས་བྱས་ཐོག རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ། སྐྱེ་ཁོར་ཡུག་ལེགས་པོ་ཡོང་བ་བཅས་འགན་སྲུང་བྱས་ཏེ་ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུར་ཀྲུང་དབྱང་ནས་ཐུགས་རེ་ཆེན་པོ་གནང་གི་ཡོད་ཅེས་གསུངས།
 མཇུག་ཏུ་ཡུས་ཀྲེང་ཧྲེང་གིས་ང་ཚོའི་རྒྱལ་ཁབ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དབྱར་མཚོ་རྒྱས་པ་ལྟར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་འབྱུང་འགྱུར་མདུན་ལམ་བཟང་ཞིང་རེ་བས་ཁེངས་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ་ཕྱར་བ་གྲུ་འདེགས་དང་། ལམ་བཤངས་མདུན་སྐྱོད་ངང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བོད་ལྗོངས་ཀྱི་ལེའུ་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་གསུངས།
  ཁྲེན་ཆོན་གོས་ཚོགས་ཆེན་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ང་ཚོར་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ནས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འགོད་ཡོང་བའི་དུས་རབས་ཀྱི་རྡུང་བརྡ་བསྒྲགས་ཡོད། ང་ཚོས་རྩ་ཆེའི་གོ་སྐབས་དམ་འཛིན་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་གང་ལེགས། དཀའ་སྤྱད་འབད་འཐབ་བྱ་རྒྱུའི་དམ་བཅའ་འཇོག་པ་བཅས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་རྒྱུན་འཁྱོངས། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད། དམངས་འཚོ་ལེགས་གཏོང་ལ་ཤུགས་རྒྱག་པ་བཅས་བྱས་ནས་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་པ་རེད།
 ཞུས་ཡུང་གིས་ཚོགས་ཆེན་ཐོག་གཏམ་བཤད་བྱས་ཤིང་། ཁོང་གིས་མི་ལོ50ཡི་རིང་འཕོ་འགྱུར་རླབས་ཆེན་བྱུང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་བཅས་བྱུང་བ་དང་། མི་ལོ50ཡི་རིང་ཕྱར་བ་གྲུ་འདེགས་བྱས། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་བྱ་གཞག་དེ་མཐའ་དག་ལས་ལྷག་པར་བརྩིས་ཏེ་དཔའ་ངར་ཆེན་པོས་དམག་འཐབ་ཀྱིས་བོད་ལྗོངས་སྲུང་སྐྱོང་དང་དཀའ་སྤྱད་ལས་སྒྲུབ་ཀྱིས་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ངོ་མཚར་ལྡན་པའི་ལེའུ་ཞིག་བརྩམས་ཡོད། མཐའ་མཚམས་སྐྱོང་ཞིང་བོད་ལྗོངས་བརྟན་ལྷིང་ཡོང་བའི་ལོ་རྒྱུས་ཀྱི་ལམ་བུ་འགྲིམས་རྒྱུ་དང་བོད་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་མདུན་དུ་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚང་མས་ངེས་པར་དུ་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཞི་བདེ་ཡོང་བ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མཐའ་མཚམས་བརྟན་ལྷིང་ཡོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
 མང་ཚོགས་ཀྱི་འཐུས་མི་འཇམ་དཔལ་གྱིས་ཚོགས་ཆེན་ཐོག་གཏམ་བཤད་བྱས་ཤིང་། ཁོས་གུང་ཁྲན་ཏང་གི་བཀའ་དྲིན་ནི་ནམ་མཁའ་ལས་ཡངས་ཤིང་མཚོ་མོ་ལས་ཟབ་པ་ཞིག་རེད། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། ང་ཚོའི་མཛེས་སྡུག་ལྡན་པའི་དེང་གི་བདེ་སྐྱིད་འཚོ་བ་རོལ་རྒྱུ་དེ་བས་ཀྱང་མེད། ང་ཚོ་ཕ་ཚ་བུ་རྒྱུད་ནས་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་མ་ཟད། མི་རབས་ནས་མི་རབས་བར་ཏང་གི་རྗེས་སུ་འབྲངས་ནས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད།   མཇུག་ཏུ་དགའ་སྤྲོ་རབ་ཏུ་འཕེལ་བའི་ངང་ནས་བའི་མང་ཚོགས་ཀྱི་ཁྲོམ་སྐོར་ཆེན་པོ་ཞིག་བྱས་པ་རེད།
  • ལེ་ཚན་སྔོན་མ།:《བོད་རྒྱ་ཨིན་གསུམ་ལས་རིགས་ཁ་བརྡ》པར་སྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་སོང་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།