《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》པར་བསྐྲུན་འགྲེམ་སྤེལ་བྱས།

    མཚོ་སྔོན་པོ་དྲ་བ།    2015-08-26

《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》པར་བསྐྲུན་འགྲེམ་སྤེལ་བྱས།
 ཉེ་སྔོན། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་དང་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པའི《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(བཞི་པ)པར་སྐྲུན་འགྲེམས་སྤེལ་བྱས་ཡོད།  
 དེབ་འདི་ནི《ཐང་གི་ལོ་རྒྱུས་རྙིང་མ》དང་། 《ཐང་གི་ལོ་རྒྱུས་གསར་མ》། 《ཐུང་ཏེན》བཅས་རྒྱའི་གནའ་དུས་ཀྱི་ལོ་རྒྱུས་བསྟན་བཅོས་གྲགས་ཅན་གསུམ་དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན།
 ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པའི《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》(དེབ1-3)ན་ནིང་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། བོད་ཀྱི་ལོ་རྒྱུས་བལྟ་ཀློག་དང་ཞིབ་འཇུག་ལ་སྤྲོ་སྣང་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཀློག་མཁན་མང་པོས་དགའ་མགུ་ཡི་རངས་གནང་བཞིན་ཡོད་པས། ད་ལམ་ཀྲུང་གོའི་བོད་རིག་པའི་རྩོམ་སྒྲིག་ཁང་གིས་དགོས་པ་དུ་མར་གཞིགས་ནས་ཡང་བསྐྱར་ལོ་ཙཱ་བ་ཁོང་ལ་བསྐུལ་ཏེ་དེབ་བཞི་པ་འདི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས་སོ།།
 《ཐང་གི་ལོ་རྒྱུས》གསར་རྙིང་གཉིས་སུ་བཀོད་པའི《བོད་ཀྱི་ལོ་རྒྱུས》ལ། དུས་སྐབས་མི་འདྲ་བའི་ནང་བོད་ཡིག་ཏུ་བསྒྱུར་བའི་འགྱུར་ཆ་ཚང་ཡིན་མིན་རེ་འགའ་ཡོད་ཀྱང་། ད་ལམ་རྩོམ་སྒྲིག་ཁང་གིས་དགོས་པ་དུ་མར་གཞིགས་ནས་ལོ་ཙཱ་བ་ཁོང་ལ་བསྐུལ་ཏེ་ཡང་བསྐྱར་བོད་ཡིག་ཏུ་བསྒྱུར་བ་ཡིན། ཀློག་མཁན་སྟབས་བདེ་པོ་ཡོང་ཕྱིར་ལོ་ཙཱ་བས་སྔོན་མའི་དེབ་གསུམ་གྱི་སྒྱུར་སྟངས་ལྟར། བོད་རྒྱ་གཉིས་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་ལ་ཁུངས་བཅོལ་ཏེ་རྒྱ་ཡིག་མ་ཕྱིར་བྱུང་བའི་ས་མིང་དང་མི་མིང་། རྒྱལ་ཁབ་དང་མི་རིགས་ཀྱི་མིང་། ཁྲི་ལོའི་མིང་། གོ་གནས་དང་སྲིད་འཛིན་སྒྲིག་གཞིའི་མིང་སོགས་ལ་མཆན་འབོར་ཆེན་བཏབ་ཡོད།
  གཞན་ཡང་རྒྱའི་ཁྲིམས་སྲིད་ལམ་ལུགས་སྐོར་གྱི་ཡིག་ཆ་གྲགས་ཅན《ཐུང་ཏེན》ཞེས་པ་དེ་ནི་ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བསྒྲིགས་པ་ཞིག་ཡིན་ཞིང་། དེའི་ནང་བོད་ཀྱི་སྐོར་ཚན་པ་ཐུང་ཐུང་ཞིག་ཡོད་པ་དེ་རྒྱའི་ཡིག་ཚང་ལས་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་གཅིག་སྡུད་དུ་བྲིས་པ་སྔ་ཤོས་ཡིན། དེར་བོད་ཀྱི་གནས་ཚུལ་སྤྱི་བཤད་དང་། སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་སྔོན་གྱི་གནས་ཚུལ་རགས་རིམ་ཞིག་བཀོད་ཡོད་པ་དང་འབྲེལ།བློན་ཁྲི་འབྲིང་དང་ཐང་གི་བློན་པོ་ཀོ་ཡོན་ཀྲེན་ཞེས་པ་གཉིས་ཀྱི་ཨན་ཞི་དམག་སྡེ་བཞིའི་སྐོར་གྱི་གླེང་མོལ་དང་། ཀོ་ཡོན་ཀྲེན་གྱིས་ཐང་གོང་མའི་སྲིད་གཞུང་ལ་ཕུལ་བའི་ཞུ་ཡིག་བཅས་གསལ་ཁ་ཅན་ཞིག་བྲིས་ཡོད་པ་སྐབས་དེའི་གནས་ཚུལ་སྤྱི་དང་། སྐབས་དེར་ནུབ་ཡུལ་དུ་འབོད་པའི་ད་ལྟའི་ཞིན་ཅང་སོགས་སུ་བྱུང་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཧ་ཅང་གལ་ཆེ་བར་བསམས་ནས་དེབ་འདིའི་ནང་བསྒྱུར་ཡོད།
 དེབ་སྔོན་མ་གསུམ་གྱི་ནང་རྒྱའི་གནའ་བོའི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དང་། 《ཧན་རྒྱལ་རབས་ཀྱི་ལོ་རྒྱུས》 《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས》 《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》 རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་ཀྱི《སུང་རྒྱལ་རབས་ཀྱི་ལོ་རྒྱུས》《ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས》 《ལིའང་རྒྱལ་རབས་ཀྱི་ལོ་རྒྱུས》《ཝེ་རྒྱལ་རབས་ཀྱི་ལོ་རྒྱུས》 《ཆི་རྒྱལ་རབས་བྱང་མའི་ལོ་རྒྱུས》《ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས》 《སུའེ་རྒྱལ་རབས་ཀྱི་ལོ་རྒྱུས》《རྒྱལ་རབས་བྱང་མའི་ལོ་རྒྱུས》《ཐང་གི་ལམ་སྲོལ་གནད་བསྡུས》《ཐང་ཡིག་རྙིང་མ》《ཐང་ཡིག་གསར་མ》《རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ》《རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ》 《ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས》《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》《སུང་རྒྱལ་རབས་ཀྱི་ལོ་རྒྱུས》བཅས་སུ་རྒྱས་བསྡུས་ཅི་རིགས་སུ་འཁོད་པའི་བོད་བཙན་པོའི་རྒྱལ་རབས་དང་། བོད་ཀྱི་རྒྱལ་ཕྲན། བོད་དང་རིགས་རྒྱུད་ཀྱི་ཐད་ནས་འབྲེལ་བ་ལྡན་པའི་ཚོ་པ་ཁག་གི་སྐོར་ཏེ། ནུབ་ཆཱང་། ཏི། ཏང་ཞང་།(ལྡོང) ཐན་ཁྲང་།(ལྡོང་ཕྲོམ) འ་ཞ། སུམ་པ། པའེ་ལན། ཞང་ཞུང་། བུད་མེད་རྒྱལ་ཁབ་ཤར་མ། བུད་མེད་རྒྱལ་ཁབ་ནུབ་མ།ཧྥུ་རྒྱལ་ཁབ། བྲུ་ཤ། སེ་རིབ། ཀྲང་ཆིའུ་པ། མི་ཉག་རྒྱལ་རབས། ཙོང་ཁའི་རྒྱལ་རབས། ཏེན། ཁྱུང་ཏུའུ། ཙོ་ཏུའུ། རན་མང་། པའེ་མ་ཏི་ལ་སོགས་པའི་སྐོར་བདམས་ནས་བསྒྱུར་ཡོད་པ་དང་། མ་ཡིག་ཏུ་བྱུང་བའི་ས་མིང་དང་། སྲིད་ཀྱི་སྒྲིག་གཞི། ཁྲི་ལོ། གོ་ཐོབ། མི་རིགས་དང་རྒྱལ་ཁབ་ཀྱི་མིང་སོགས་ལ་མཆན་མང་པོ་བཏབ་ཡོད།

 
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་རིག་རྩལ་ལྷན་ཚོགས་ཀྱིས་ཡུལ་ཤུལ་གྱི་འབུམ་རམས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།