སྤྱི་ཁྱབ་ཧྲུའུ་ཅི་ནི་མང་ཚོགས་ཀྱི་སྙིང་ཉེ་ཤོས་ཀྱི་མི་དེ་ཡིན།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-02-28

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་ཀྱི་སྙིང་ཉེ་ཤོས་ཀྱི་མི་ཞིག་བྱེད་དགོས་ཞེས་གསུངས་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་ཐུགས་སུ་འཇོག་གནང་གི་ཡོད།  གྲང་ངར་ཆེ་བའི་ནམ་དུས་རེ་རེར་ཁ་བ་བུ་ཡུག་གི་ཁྲོད་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གམ་དུ་ཕེབས་ནས་མང་ཚོགས་ཚོའི་དཀའ་ངལ་ཆེ་ཤོས་དང་།  སེམས་ཁྲལ་ཆེ་ཤོས།  རེ་སྒུག་ཆེ་ཤོས་བཅས་བྱེད་པའི་གནད་དོན་ཐག་གཅོད་རྒྱུར་ཐུགས་ཁུར་གནང་སྟེ།  གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་བཏང་སྙོམས་ཐོག་ནས་མི་དམངས་ཡོངས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་གནང་བཞིན་ཡོད། 

   ད་ལོའི་དཔྱིད་གསར་དུས་ཆེན་རིང་།  ཧྲན་ཞི་ཧོ་ཀྲོའུ་ཧྥེང་ནན་ཧེང་གྲོང་ཚོའི་ལོ་གསར་དགའ་གཏོང་གི་རིག་གནས་བྱེད་སྒོ་རབ་དང་རིམ་པས་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ་འབུམ་གཅིག་ལྷག་གི་ཡིད་དབང་བཀུག་ཡོད།  ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་བསྟུན་ནས། འཚོ་བཅུད་ཀྱིས་ཕྱུག་པའི་གྲོ་དང་། སྔོ་ཚལ།  ལོ་གསར་མོག་མོག་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཚང་མའི་འཚོ་བར་སྔར་བས་རེ་སྒུག་གིས་ཁེངས་པར་གྱུར།
   ལོ་གཉིས་གོང་།  ཧྲེ་ཧུང་པིང་གི་ཁང་པ་སྟོན་དུས་འབྲུབ་ཆུ་རྒྱས་པའི་དབང་གིས་བརྡིབས་ཡོད། སྲིད་གཞུང་གིས་གནས་སྐབས་རོགས་སྐྱོབ་སྲིད་ཇུས་ལག་བསྟར་བྱས་ནས་ཁོང་ལ་ཁང་པ་བསྐྱར་དུ་བསྐྲུན་རོགས་བྱས་ཏེ་དཀའ་ངལ་ལས་གྲོལ་ཡོད།  སྤྱི་ལོ2022ལོའི་ཟླ་དང་པོའི་ནང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཞི་རུ་རྟོག་ཞིབ་གནང་བར་ཕེབས་དུས་ཆེད་མངགས་ཧྲེ་ཧུང་པིང་གི་ཁྱིམ་དུ་ཕེབས་ཡོད།  ཆེ་ས་སྡོད་ཁང་གི་ཉེན་མེད་དང་ཆུང་ས་ཇ་མར་ཚྭ་བུལ་བར་དུ་བཀའ་འདྲི་གནང་ཞིང་།  སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ཧྲེ་ཧུང་པིང་གི་སེམས་ནང་རྡོ་ལ་རི་མོ་བརྐོས་ལྟར་གསལ་པོར་ངེས་ཡོད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།   གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་ནས་མི་རིགས་ས་ཁུལ་བར་དང་།  ཡུལ་སྡེ་ནས་གྲོང་ཁྱེར་གྱི་སྡེ་ཁུལ་བར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་ཕེབས་ནས་རྟོག་ཞིབ་གནང་སྐབས།  ཐུགས་ནང་གཏན་ཏུ་འཇོག་གནང་ས་ནི་དཀའ་ངལ་ཡོད་པའི་མང་ཚོགས་དང་། ཁོང་ཚོའི་བཟའ་སྤྱོད་སྡོད་གསུམ་ནས་བདེ་སྡུག་དྲོ་གྲང་བར་ཐུགས་ཁུར་གནང་གི་ཡོད། མི་དམངས་གཙོ་འཛིན་གྱི་ལྷད་མེད་བརྩེ་བ་ཟབ་མོ་དེ་དཀའ་ངལ་ཡོད་པའི་མང་ཚོགས་རེ་རེར་བཅངས་ཡོད། ལོ་ལྟར་གྱི་ལོ་གསར་པའི་ཤིས་ཚིག་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་གནང་བཞིན་མཆིས། 
   ཁྲེན་ཡུས་ཧྥེང་ནི་ལིའོ་ཉིང་ཞིང་ཆེན་ཧྥུ་ཧྲུན་གྲོང་ཁྱེར་གྱི་རྡོ་སོལ་འདོན་ས་རྡིབ་ཁུལ་གྱི་ཉེན་གཡོལ་གནས་སྤོའི་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན།  སྤྱི་ལོ2018ལོའི་ཟླ9པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིའོ་ཉིང་དུ་རྟོག་ཞིབ་གནང་ཡོད།  ཁྲེན་ཡུས་ཧྥེང་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མི་ཚོ་དང་ལྷན་དུ་ཅི་འཕྲོས་མོལ་འཕྲོས་གནང་ནས།  སྡོད་ཁང་ལེགས་བཅོས་དང་། ལས་འཁྱུར་ངལ་གསོའི་དངུལ།  སྤྱི་ཚོགས་འགན་བཅོལ་དངུལ་ལེན་པ་ལ་སོགས་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྨན་པ་བསྟེན་རྒྱུ་སྟབས་བདེ་པོ་ཡོད་མེད་བཀའ་འདྲི་གནང་ཡོད། ལོ་བཞི་ཙམ་འདས་ཟིན། ཁྲེན་ཡུས་ཧྥེང་གིས་ཕ་ཡུལ་གྱི་འགྲོ་སྐྱོད་དང་རྒན་གསོ། སྨན་པ་བསྟེན་པ་སོགས་ཐད་ཀྱི་འགྱུར་ལྡོག་བྱུང་བའི་གཏམ་བཟང་དེ་སྤྱི་ཁྱབ་ཧྲུའུ་ཅིར་ཞུ་ན་འདོད་ཀྱི་ཡོད།
     དམིགས་བསལ་མི་ཚོགས་དེ་སྣང་ཆུང་གཏོང་བའི་ཚོགས་སྤྱིར་མི་འགྱུར་བ་བྱེད་པ་དང་རྒན་རྒོན་ཚང་མ་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་ལ་རོལ་ཐུབ་པ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་གནང་ས་གཙོ་བོ་དེ་ཡིན། 
     མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་གྲོང་མི་ལི་ཅིན་ཧྥུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ནི་ཐུགས་རྒྱུད་འཇམ་པ་དང་། ཁོང་སྡེ་ཁུལ་དུ་ཕེབས་རྗེས་ཚང་མར་འཚོ་བའི་བདེ་སྡུག་བཀའ་འདྲི་གནང་གི་འདུག ང་ཚོ་རྒན་རྒོན་ཚོའི་འཚོ་བ་དང་། བདེ་ཐང་། བདེ་སྐྱིད་བཅས་ལ་ཐུགས་ཁུར་ཆེན་པོ་གནང་གི་འདུག་ཅེས་བརྗོད་པ་རེད།
     དམིགས་བསལ་མི་ཚོགས་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱ་དགོས། མིག་སྔར་རང་རྒྱལ་དུ་རིགས་ཁག་གི་དབང་པོ་སྐྱོན་ཅན་ཁྲི8500ལས་བརྒལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་པོ་སྐྱོན་ཅན་ནི་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ཞིག་ཡིན་པས། ཁོང་ཚོར་སེམས་ཁུར་དང་དོ་ཁུར་ཆེན་པོ་བྱེད་དགོས་ཞེས་ཐེངས་མང་གསུངས་ཡོད། སྤྱི་ལོ2014ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ནང་སོག་ཧུའུ་ཧོ་ཧའོ་ཐེ་བྱིས་པའི་ཕན་བདེའི་ཁང་དུ་ཕྲུ་གུ་ཚོར་གཟིགས་པར་ཕེབས་ཡོད། 
 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྲུ་གུ་ཚང་མར་ལོ་གསར་གྱི་ལག་རྟགས་གནང་ཡོད། བུ་མོ་ཆུང་ཆུང་ཡ་ཉི་འཕྲད་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ཐུགས་གཤིས་འཇམ་པོའི་ངང་ཁོ་མོའི་ས་ནས་ལག་བརྡ་སྦྱངས་བ་དང་། ཁོ་མོར་སློབ་སྦྱོང་ཡག་པོ་བྱ་རྒྱུར་སྐུལ་ལྕག་གནང་ཡོད།
   དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དམངས་འཚོར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་ནས། ཉམས་ཞན་ལ་རོགས་སྐྱོར་ཡག་པོ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་ཞལ་བཞེས་གནང་བའི་བརྗིད་ཆེའི་དམ་བཅའ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ལམ་ལུགས་རང་བཞིན་གྱི་འགན་ལེན་ཐུབ་ཡོད། དྲོ་སོབ་སོབ་ཀྱི་སྲིད་ཇུས་རབ་དང་རིམ་པས་དགུན་དུས་ཉི་འོད་དྲོ་རུ་ཕྱིན་པ་ལྟར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་བསྐངས་ནས། ཁོང་ཚོ་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ཐུབ་པ་བྱུང་ཡོད།


  • ལེ་ཚན་སྔོན་མ།:ཞི་ཨན་དུ་རྒྱ་བོད་སློབ་མས་མཉམ་དུ་བོད་ཀྱི་ལོ་གསར་གཏོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།