སྡེ་དགེ་པར་ཁང་གི་བཀའ་བསྟན་འགྱུར་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་པར་གཞི་ནི་འཛམ་གླིང་ཐོག་ཆེད་ཆ་ཚང་བ་དང་དག་ཚད་ཆེས་མཐོ་ལ་དཔེ་རྒྱུན་དཀོན་རིགས་རེད། རེད་དེ་ལོ་བརྒྱ་ཕྲག་ལ་པར་རྒྱག་པ་སོགས་རྒྱུ་མཚན་སྣ་ཚོགས་ཀྱིས་བརྡར་ཟད་ཐེབས་པས་གཅེས་ནོར་འདི་དག་སྲུང་སྐྱོང་བྱེད་ཆེད2013ལོར་སྡེ་དགེ་རྫོང་གིས་བཀའ་བསྟན་འགྱུར་བསྐྱར་རྐོ་བྱེད་འགོ་བཙུགས་པ་རེད།
སྡེ་དགེ་རྫོང་བཀའ་བསྟན་འགྱུར་བསྐྱར་རྐོ་ལས་གཞིའི་བཟོ་དཔོན་འཇམ་དབྱངས་གྲགས་པས་སྡེ་དགེ་དང་བོད་ལྗོངས་འཇོ་མདའ་རྫོང་གི་རྐོས་པ60སྣེ་ཁྲིད་བྱས་ནས་གནའ་དུས་ལག་རྩལ་སྤྱད་དེ་བཀའ་བསྟན་འགྱུར་གྱི་པར་གཞི་བསྐྱར་རྐོ་བྱས་པར་བརྒྱུད། པར་གཞི་ཟུར་དེབ་གསར་པ་ཞིག་བཟོ་བའི་ལས་ལ་འབད་བཞིན་ཡོད། པར་གཞི་གསར་པ་བཟོས་རྗེས་པར་ཁང་གི་པར་འདེབས་བྱ་འགུལ་གྱི་དགོས་མཁོ་དང་ཡུལ་སྐོར་ཚོང་རའི་དགོས་མཁོ་སྐོང་ཐུབ་པར་མ་ཟད་དུས་རབས་གསར་པའི་ལག་རྩལ་སྤྱད་ནས་སྔོན་གྱི་པར་གཞི་སྲུང་སྐྱོང་དང་ཉར་ཚགས་བྱེད་ཐུབ་ལ། ཕ་ཚ་བུ་རྒྱུད་ལ་མི་རིགས་ཀྱི་རིག་རྫས་རྩ་ཆེན་ཤུལ་བཞག་བྱེད་ཐུབ་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན།2006ལོ་ནས་སྡེ་དགེ་རྫོང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་གཞི་བཀོད་ཅིང་བཀའ་བསྟན་འགྱུར་བསྐྱར་རྐོ་ལས་གཞི་དེ་འཆར་གཞིའི་ནང་གི་ཡ་གྱལ་ཞིག་ཡིན་པ་རེད།པར་ཁང་གི་བཀའ་བསྟན་འགྱུར་ལ་ཁྱོན་བསྡོམས་པར་གཞི་ཁྲི་བཅུ་ལྷག་ཡོད་པ་དང་། པར་ཁང་བཙུགས་པ་ནས་བཟུང་པར་ལོ་སུམ་བརྒྱའི་ནང་པར་འདེབས་དང་པར་གཞི་བསྐྱར་རྐོའི་ལས་གཞི་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་བཞིན་ཡོད། བཀའ་བསྟན་འགྱུར་བསྐྱར་རྐོའི་ལས་གཞི2013ལོ་ནས་འགོ་བཙུགས་པ་ནས་བཟུང་ནུས་ཤུགས་ཡོད་རྒུས་ཕྱོགས་གང་ཐད་ནས་ལས་གཞི་གོང་འཕེལ་བདེ་བླག་ཡོང་བར་འབད་པ་བྱས་ཡོད། མིག་སྔའི་བར་ལས་གཞིའི་ཐད་མ་དངུལ་ཁྲི་སུམ་བརྒྱ་ལྷག་བཏང་ཞིང་རྐོས་ཤིང་ཁྲི་དྲུག་ཉོས་པ་དང་། ད་ལྟ་ཁྲི་གཅིག་ལྷག་བརྐོས་ཚར་བ་རེད།།