ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་། 2016ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱ་རྒྱུ་གཏན་འབེབས་བྱས་པ་དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གཞི་རྩའི་གནས་ཚུལ་ཞིབ་བཤེར་ཁ་གསལ་དང་ཡང་དག་བྱེད་པ་དང་། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་ཞིང་པའི་འཚོ་བའི་འགྱུར་ལྡོག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་མཐུན་པའི་ངང“ཞིང་གསུམ”སྲིད་ཇུས་བཟོ་རྒྱུར་ཁྱོན་ཡོངས་དང་། ཏན་ཏིག བློས་འགེལ་ཆོག་པ་བཅས་ཀྱི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱ་ཆེད་རེད།
《བརྡ་ཐོའི》ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་གྲོང་གསེབ་ཀྱི་ཁྱིམ་དུད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དུད་ཚང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཚན་པ། གྲོང་མི་ཨུ་ལྷན་དང་ཤང་གྲོང་མི་དམངས་སྲིད་གཞུང་སོགས་ཀྱི་མི་སྒེར་དང་ཚན་པ་ཚང་མ་ནི་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱ་ཡུལ་ཡིན་ཞིང་། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་གཙོ་བོའི་ནང་ཞིང་ལས་ཁྲོད་ཞུགས་མཁན་གྱི་གཞི་རྩའི་གནས་ཚུལ་དང་། ཞིང་ལས་ཀྱི་ས་ཆ་བཀོལ་སྤྱོད་དང་བརྒྱུད་བཤུག་བྱས་ཚུལ། ཞིང་ལས་ཐོན་སྐྱེད་དང་གྲུབ་ཆའི་གནས་ཚུལ། ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པ་དང་ཞིང་ལས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་འཕེལ་རྒྱས་འགྲོ་ཚུལ། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་ཚུལ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་དང་ཞིང་པའི་འཚོ་བ་སྐྱེལ་སྟངས་འགྱུར་ལྡོག་བྱུང་ཚུལ་སོགས་ཚུད་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་ལྡན་དུས་ཚོད་ནི2016ལོའི་ཟླ་བ12པའི་ཚེས31ཉིན་ཡིན་པ་དང་། དུས་སྐབས་ཀྱི་དཔྱད་གཞིའི་ཡིག་ཆ་ནི2016ལོའི་ལོ་འཁོར་གྱི་དཔྱད་གཞིའི་ཡིག་ཆ་ཡིན་ཞེས་བསྟན་པ་རེད།
《བརྡ་ཐོའི》ནང་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ནི“ཞིང་གསུམ”འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ཞིབ་བཤེར་བྱེད་པ་ཞིག་ཡིན་པ་དང་། ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེས་ཚན་རིག་དང་མཐུན་པའི་ངང“ཞིང་གསུམ”སྲིད་ཇུས་བཟོ་བ་དང་། རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་དེང་རབས་ཅན་མངོན་གྱུར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་གྱི་ལས་བགོས་མཉམ་ལས། ས་གནས་ཀྱི་རིམ་དབྱེའི་འགན་འཁུར། ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་གཙོ་གནད་མངོན་གསལ་དོད་པ་དང་། བྱ་ཐབས་ལེགས་གཏོང་། སྒྲིག་འཛུགས་གཅིག་གྱུར། བྱ་ཐབས་གསར་གཏོད། རང་འགན་རང་འཁུར། སྒྲིལ་ཤུགས་མཉམ་ལས་བཅས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་སྐུལ་སློང་དང་སྒྲིག་འཛུགས་ལག་བསྟར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་ནན་བཤད་བྱས་ཡོད་པ་རེད།
《བརྡ་ཐོའི》ནང་ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམ་ཁག་ལྟ་ཞིབ་ལས་ཁུངས་དང་བསྡོམས་རྩིས་ཁྲིམས་སྐྱོང་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་སྤུས་ཚད་འགན་ལེན་བྱ་དགོས་པ་དང་། རྒྱང་ཚོར་དང་རིག་ནུས་སྒུལ་བདེའི་མཐའ་སྣེ། དྲྭ་རྒྱའི་ཐད་གཏོང་སོགས་དེང་རབས་ཆ་འཕྲིན་ལག་རྩལ་གང་ལེགས་སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་དང་ལས་ཕྱོད་མཐོ་རུ་བཏང་ཐོག་གཞི་རིམ་གྱི་ཡོངས་ཁྱབ་ཞིབ་བཤེར་མི་སྣའི་ཁུར་པོ་ཡང་དུ་གཏང་དགོས་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་གཞོགས་འདེགས་ཐོབ་པ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་བདེ་བླག་ངང་བྱ་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
《བརྡ་ཐོའི》ནང་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཐོབ་པའི་ཚན་པ་དང་། ཞིང་དུད། མི་སྒེར་བཅས་ཀྱི་དཔྱད་གཞིའི་ཡིག་ཆ་དག་ཡོངས་ཁྱབ་ཞིབ་བཤེར་ཐད་སྤྱོད་པ་ལས་ཚན་པ་དང་སྡེ་ཚན་གང་རུང་ཞིག་གི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་དཔྱད་ཞིབ་དང་གཟིགས་གཟོས་ཉེས་འགེལ་གྱི་གཞི་འཛིན་ས་བྱེད་མི་རུང་བ་ཁ་གསལ་བཏོན་པ་རེད།།