《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

    མི་དམངས་དྲ་བ།    2021-07-05

   《ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར》

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་གསུམ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར》ཞེས་པ་བཀོད་ཡོད་པ་རེད།
   གསུང་རྩོམ་ནང་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས།
   གསུང་རྩོམ་ནང་བསྟན་དོན། གནས་ལུགས་གསལ་རྟོགས་ནི་དད་སེམས་འཕེལ་བ་དང་། སྤྱོད་བཟང་གོང་བཀུར། ལག་ལེན་ནན་བསྟར་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། ཏང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། དཀའ་སྤྱད་འབད་འཐབ་ཀྱི་བརྒྱུད་རིམ། ལོ་རྒྱུས་ཀྱི་ཉམས་མྱོང་། ཕུལ་བྱུང་གི་སྲོལ་རྒྱུན་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ཀྱི་གནས་ལུགས་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་འགོ་ཁྲིད་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། མར་ཁེ་སི་རིང་ལུགས་དང་དེ་ཉིད་ཀྲུང་གོ་ཅན་དུ་འགྱུར་བའི་གསར་གཏོད་རིགས་གཞུང་གི་བདེན་དོན་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་གསར་གཏོད་རིགས་གཞུང་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་པའི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་ཡང་དག་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡང་དག་པའི་འགྲོ་ལམ་འབའ་ཞིག་འདི་ཡི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།
   གསུང་རྩོམ་ནང་བསྟན་དོན། དད་གུས་དང་། དད་སེམས། ཡིད་ཆེས་བཅས་དུས་གང་རུང་ཞིག་ཡིན་ཡང་ཧ་ཅང་གལ་ཆེན་པོ་ཞིག་རེད། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ་ནི་དད་གུས་དང་། དད་སེམས། ཡིད་ཆེས་བཅས་འཕེལ་ཆེད་རེད། འདི་ནི་ང་ཚོས་དགྲ་བོ་སྟོབས་ཆེན་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། དཀའ་ངལ་མཐའ་དག་ཁྱད་དུ་བསད་པ། རྒྱལ་ཁ་མཐའ་དག་ལེན་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་གུས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
   གསུང་རྩོམ་ནང་བསྟན་དོན། རང་རེའི་ཏང་གིས་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་སོ་སོར་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་སྐྱེད་སྲིང་བྱས་ནས་ཆགས་པ་དང་ཏང་གི་འགྱུར་མེད་དད་སེམས་དང་། རྩ་བའི་དམིགས་ཡུལ། སྲོལ་རྒྱུན་བཟང་པོ་བཅས་གཅིག་སྡུད་མངོན་ཡོད་པས་ང་ཚོས་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། བླ་ན་མེད་པའི་སྤྱོད་གཤིས་གསོ་འཁྱོངས་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཡོན་ཏན་ཆེན་པོ་གོང་དུ་བཀུར་བ། མི་དམངས་ལ་བདེ་རྩ་སྐྲུན་པའི་ཀུན་སེམས་གོང་དུ་བཀུར་བ། རང་གཅུན་ནན་པོའི་ཀུན་སྤྱོད་གོང་དུ་བཀུར་བ་བཅས་ལ་ཁྲིད་སྟོན་བྱ་ཆེད་རེད།
   གསུམ་རྩོམ་ནང་བསྟན་དོན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་རིགས་གཞུང་ཡག་པོ་སྦྱོང་བ་དང་ཡག་པོ་སྤྱོད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།
  • ལེ་ཚན་རྗེས་མ།:བར་སྣང་ནས་བླངས་པའི་ངོ་མཚར་ཆེ་བའི་སའི་གོ་ལའི་བརྙན་པར།
  • དོ་སྣང་ཆེ་བའི་རྩོམ།