བོད་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་སྔར་བས་ལེགས་སུ་བཏང་།

ཡེ་ཤེས་ཀྱིས་བསྒྱུར།        2021-04-28

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། ཉེ་ཆར་བཀྲམ་པའི《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་དུ་མའི》ནང་ཚོང་འགུགས་དངུལ་འདྲེན་གྱི་སྲིད་ཇུས་སྔར་བས་ལེགས་སུ་བཏང་སྟེ་ཁྲལ་བསྡུ་དང་། དངུལ་རྩ། ཐོན་ལས་རོགས་སྐྱོར་སོགས་ཀྱི་ཐད་ནས་གཟིགས་སྐྱོང་དེ་བས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡིད་དབང་འགུག་ནུས་ཆེ་རུ་གཏོང་བ་དང་འབྲེལ་ཚོང་འགུག་བྱེད་སྟངས་གསར་གཏོད་བྱ་རྒྱུ་དར་སྤེལ་བཏང་ནས་དཔལ་འབྱོར་དང་སྤྱི་་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཧུར་ཐག་སྣོན་དགོས་ཞེས་བཀོད་ཡོད་པ་རེད།

གཏན་འབེབས་དེའི་ནང་ཁེ་ལས་ཀྱིས2021ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས2030ལོའི་སྤྱི་ཟླ12པའི་ཚེས31ཉིན་བར《ནུབ་རྒྱུད་ས་ཁུལ་གྱི་ལྕག་སྐུལ་རིགས་ཀྱི་ཐོན་ལས་དཀར་ཆག》ནང་གི་ཐོན་ལས་གཉེར་བར་མ་ཟད། གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱིས་ཁེ་ལས་ཀྱི་ཡོང་འབབ་བསྡོམས་འབོར་གྱི་བརྒྱ་ཆ60(དེ་ཚུད་པ)ཡན་ཆད་བཟུང་བའི་རིགས་ལ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་བརྒྱ་ཆ15ཡི་ཁྲལ་ཚད་ལྟར་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།

“ལོ་ལྔ་འཆར་གཞི་བཅུ་གསུམ་པའི”རིང་བོད་ཀྱིས་ཚོང་འགུགས་དངུལ་འདྲེན་བྱེད་ཚད་སྒོར་དུང་ཕྱུར2535ལ་ཟིན་ཡོད། ལྷག་པར་དུ2018ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཚུན་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གིས་བོད་སྐྱོར་ལས་དོན་རུ་ཁག་དང་ལག་གདང་སྦྲེལ་ནས་ཁེ་ལས་དེ་བས་མང་བ“འཛམ་གླིང་ཡང་རྩེར”མ་དངུལ་གཏོང་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་འཕེལ་བ་དང་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

2020ལོར་བོད་ལྗོངས་ལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1902.74ལ་ཟིན་ནས་ལོ་གོང་མ་ལས་བརྒྱ་ཆ7.8འཕར་ཡོད། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ཀྱི་དངུལ་རྩ་ལོ་གོང་མ་ལས་བརྒྱ་ཆ5.4འཕར་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་མཚོ་དམག་གི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་གཅིག་སྡུད་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་བྱེད་སྒོར་ཞུགས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་ནས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་འདུག
  • དོ་སྣང་ཆེ་བའི་རྩོམ།