ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཏོན་པའི་གྲོས་འགོ

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-03-11

   མཚོ་སྔོན་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱི་《མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་གཞིག་འགའ》ཞེས་པ་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་ཆེན་གྱི་ཡིག་ཐོག་གཏམ་བཤད་ནང་བདམས། ཁོང་གིས་གཏམ་བཤད་གནང་སྐབས། རྒྱལ་ཁབ་ཀྱི་ངོས་ནས་མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན།

   གྲོས་འགོའི་ནང་བསྟན་དོན། མཚོ་སྔོན་ནི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གཉིས་ཀ་རྒྱུན་འཛིན་བྱེད་པའི་གནས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་“ཀྲུང་ལུགས་དང་བོད་ལུགས་གསོ་རིག་བསྐྱར་དར་གོང་འཕེལ”གྱི་བརྗོད་དོན་གཙོ་བོ་དང་དམ་པོར་འབྲེལ་ཏེ། ཚད་གཞི་མཐོར་གཏོང་དང་། ཚད་ལྡན་ཅན་དུ་བསྒྱུར་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ཐོག་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད། སྤྱི་ལོ་2020ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་སུ་སྨན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོབ་པའི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་སྐྱེད་ཁེ་ལས་43ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་80%ཟིན་པ་དང་། རིགས་སྣ་338དང་ཆོག་མཆན་ཡིག་ཆའི་ཨང་རྟགས་416ཡོད་ལ། བོད་ལུགས་གསོ་རིག་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་པའི་སྨན་བཅོས་རྣམ་གྲངས་སྔོན་ཆད་ཀྱི་76ནས་253བར་འཕར་ཡོད། འོན་ཀྱང་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བཞིན་པའི་བདེ་ཐང་གི་དགོས་མཁོའི་མདུན་དུ། མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གོང་འཕེལ་ཐད་ཐོན་ཁུངས་བེད་སྤྱོད་གང་ལེགས་མ་བྱུང་བ་དང་མཁོ་སྤྲོད་མི་འདང་བ་གཉིས་མཉམ་གནས་ཀྱི་སྣང་ཚུལ་ཐོན་ཡོད། རྩད་ཆོད་བྱུང་ཟིན་པའི་སྨན་སྤྱོད་ཐོན་ཁུངས་རིགས་1660ཡི་ཁྲོད་དུ། 90%ཡན་གྱི་ཁ་ཐོར་དུ་གནས་པའི་སྨན་སྤྱོད་ཐོན་ཁུངས་ད་དུང་གསར་སྤེལ་ནུས་ལྡན་བྱས་མེད། དེ་དང་ཆབས་ཅིག་ཐོན་ལས་ཀྱི་སྤྱི་ཡོངས་གཞི་ཁྱོན་ཅུང་ཆུང་བ་དང་། ཚན་རིག་ཞིབ་འཇུག་གི་རྨང་གཞི་ཞན་པ་སོགས་ཀྱི་དཀའ་ཁག་དང་གནད་དོན་སྔར་བཞིན་གནས་ཤིང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐག་གཅོད་དཀའ་བས། རྒྱལ་ཁབ་ཀྱི་ངོས་ནས་རྒྱབ་སྐྱོར་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནས་སུ་གྱུར་ཡོད།

   རྡོ་རྗེ་རབ་བསྟན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་》དང་《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ་སྨན་རྫས་དཀར་ཆག》ཁྲོད་ཀྱི་རིགས་སྣ་དང་བསྡུར་ཚད་ཇེ་མང་དུ་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་གསར་པ་སྙན་ཞུ་དང་འདྲ་བཟོས་སྨན་རྫས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བསྐྱར་སྐྱེས་མི་ཐུབ་པའི་བོད་སྨན་རྒྱུ་ཆའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་རང་བཞིན་གྱི་ཞིབ་འཇུག་དང་ཚབ་བྱེད་ཆོག་པའི་ཐོན་ཁུངས་ལ་ཞིབ་འཇུག མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་དང་བེད་སྤྱོད་བྱེད་པ་བཅས་ཤུགས་ཆེར་གཏོང་བ། མཚོ་སྔོན་གྱིས་སྣེ་ཁྲིད་དེ་བོད་སྨན་གྱི་རྨང་གཞིའི་ཚད་གཞི་དང་། ནད་ཐོག་ཚད་གཞི། བོད་སྨན་ཚད་གཞི། སྦྱོར་བཟོའི་ལག་རྩལ་ཚད་གཞི་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལས་དོན་ལ་འགན་འཁུར་བར་རྒྱབ་སྐྱོར་བཅས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་ལེགས་ཆ་ལྡན་པའི་ས་གནས་ཀྱི་ཚད་གཞི་དང་། ཁེ་ལས་ཀྱི་ཚད་གཞི་རྒྱལ་ཁབ་ཀྱི་ཚད་གཞིར་སྤར་བ་དང་། མཚོ་སྔོན་གྱིས་བོད་སྨན་སྨན་རྫས་གསར་བའི་རྒྱལ་ཁབ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། ས་ཆ་བེད་སྤྱོད་དང་། མ་དངུལ། ཆ་སྦྱོར་སྒྲིག་བཀོད། ཚན་རིག་ཞིབ་འཇུག་དཔྱད་ཆས་སྒྲིག་ཆས་སོགས་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་དུ་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་གྲངས་གཞི་ལྟེ་གནས་འཛུགས་པ། མཚོ་སྔོན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཚན་རིག་ཞིབ་འཇུག་ཁང་དང་སྣེ་འདྲེན་ཁེ་ལས་ཀྱི་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་ཆ་རྐྱེན་དང་སྟེགས་བུ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་པ། མཚོ་སྔོན་སློབ་གྲྭ་ཆེན་མོའི་ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)གི་རིམ་པ་དང་པོའི་རིག་གཞུང་ཚན་ཁག་གི་འབུམ་རམས་པ་གསོ་སྐྱོང་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་དངོས་གཞི་དང་རམ་འབྱམས་པ། འབུམ་རམས་པ་“5+4”དང་ཀྲུང་ལུགས་གསོ་རིག་དངོས་གཞི་དང་རམས་འབྱམས་པ་“5+3”ཅན་གྱི་གསོ་སྐྱོང་རྣམ་པ་འཛུགས་སྐྱོང་བྱས་ཏེ། མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་སྤུས་ཚད་མཐོན་པོས་གོང་འཕེལ་འགྲོ་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་བསམ་འཆར་བཏོན་ཡོད།

  • ལེ་ཚན་སྔོན་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ཚོགས་མཇུག་འགྲིལ་བ།
  • ལེ་ཚན་རྗེས་མ།:ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག
  • དོ་སྣང་ཆེ་བའི་རྩོམ།