2020ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་དྲྭ་ཐོག་ནས་སྤེལ།

ཡེ་ཤེས་ཀྱིས་བསྐྱུར།        2020-12-16

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ12པའི་ཚེས10ཉིན། 2020ལོའི་ནོ་པེར་དངོས་ལུགས་བྱ་དགའ་དང་རྫས་འགྱུར་བྱ་དགའ། སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ། རྩོམ་རིག་བྱ་དགའ། དཔལ་འབྱོར་བྱ་དགའ་བཅས་སྤྲོད་པའི་མཛད་སྒོ་ནི་རིམས་ནད་ཀྱི་དབང་གིས་ཚེས10ཉིན་དྲྭ་ཐོག་ནས་སྤེལ་རྒྱུ་བྱས་པ་རེད། བྱེད་སྒོ་སྤེལ་བའི་ས་གནས་ཀྱང་ཐེངས་དང་པོར་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་གྲོང་སྲིད་ཐིང་དུ་བསྒྱུར་ཡོད་པ་རེད།

ད་ལོའི་ནོ་པེར་དངོས་ལུགས་བྱ་དགའ་ཐོབ་མཁན་དབྱིན་ཇིའི་ཚན་རིག་པ་ལའོ་ཇེ་ཕུན་ལའོ་སི་དང་། དེ་བཞིན་དུ་འཇར་མན་གྱི་ཚན་རིག་པ་ལའེ་དབྱི་ཧ་དེ་ཀེན་ཚེར་དང་། ཨ་རིའི་ཚན་རིག་པ་ཨན་དེ་ལེ་ཡ་ཀའེ་ཚི་བཅས་ཡིན་ཞིང་། རྫས་འགྱུར་བྱ་དགའ་ཐོབ་མཁན་ཧྥ་རན་སེའི་བུད་མེད་ཚན་རིག་པ་ཨའེ་མ་ནེའུ་ཨའེ་ལེ་ཧྲ་ཕུང་ཅེ་དང་ཨ་རིའི་བུད་མེད་ཚན་རིག་པ་ཇེ་ཉི་ཧྥུའུ་ཏའོ་དེ་ནཱ་ཡིན་པ། སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་ཨ་རིའི་ཚན་རིག་པ་ཧ་ཝེ་ཨ་ཐེ་དང་། ཁྲའེ་སི་ལེ་སི། དེ་བཞིན་དུ་དབྱིན་ཇིའི་ཚན་རིག་པ་མའེ་ཁེ་ཞའེ་ཏུན་ཡིན། རྩོམ་རིག་བྱ་དགའ་ཐོབ་མཁན་ཨ་རིའི་བུད་མེད་སྙན་ངག་པ་ལུའུ་དབྱི་སི་ཀེ་ལུའུ་ཁེ་དང་། དཔལ་འབྱོར་རིག་པའི་བྱ་དགའ་ནི་ཨ་རིའི་དཔལ་འབྱོར་རིག་པ་ཝ་པའོ་ལོ་མི་ཀེ་ལའོ་མོ་དང་ལའོ་པའོ་ཐེ་ཝེར་ཞུན་བཅས་ལ་ཐོབ་ཡོད་པ་རེད།

དྲྭ་ཐོག་ཏུ་བྱ་དགའ་སྤྲོད་པའི་མཛད་སྒོ་ཐོག་སུའེ་ཏེན་གྱི་རྒྱལ་པོ་ཁཱར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུ་ཡིས་ཤིས་ཚིག་གསུངས་པའི་བརྙན་རིས་བསྟན་ཞིང་། བྱ་དགའ་སོ་སོའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་སྐུ་ཚབ་ཚོས་ལུགས་སྲོལ་ལྟར་བྱ་དགའ་ཐོབ་མཁན་གྱི་གྲུབ་འབྲས་སྒྲོག་སྦྱང་བྱས་པ་དང་། སྤྱི་ཟླ12པའི་ཚེས6ཉིན་ནས་ཚེས9ཉིན་བར། གོང་སྨོས་ཀྱི་ནོ་པེར་བྱ་དགའ་ཐོབ་མཁན་ལ་རང་གི་རྒྱལ་ཁབ་ནས་འབྲེལ་ཡོད་བྱ་དགའ་ཁག་སྤྲོད་རྒྱུ་རེད། ཁོང་ཚོས་བྱ་དགའ་ལེན་པའི་བརྙན་རིས་ནི་ཚེས10ཉིན་དྲྭ་ཐོག་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བསྟན་པ་རེད།

ནོ་པེར་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཁར་ཧུན་ལི་ཁེ་ཧོར་ཏིང་གིས་ཤིས་ཚིག་ནང་དུ་ཏོག་གསར་རིམས་ནད་ཀྱིས་བྱ་དགའ་ཐོབ་མཁན་རྣམས་སི་ཐོག་ཁོར་མོར་བྱ་དགའ་ལེན་པར་ཡོང་མ་ཐུབ་མོད། འོན་ཀྱང་། བྱ་དགའ་ཐོབ་མཁན་ཚོས་རང་རང་སོ་སོའི་རྒྱལ་ཁབ་ནས་གཟེངས་རྟགས་དང་ལག་ཁྱེར་ལེན་ཆོག་པས་དགའ་སྤྲོ་བྱུང་ཡོད་ཅེས་གསུངས་པ་རེད།

ཧོར་ཏིང་གིས་ནོར་པེ་བྱ་དགའ་ཡིས་དཀའ་ཚེགས་ཆེ་བའི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་འགྲོ་བ་མི་ལ་མུ་མཐུད་དུ་གནད་དོན་ཐག་གཅོད་པའི་ཐབས་ཇུས་འཚོལ་ཞིབ་ཐུབ་རྒྱུའི་ནུས་པ་ཡོད་པ་མཚོན། ད་ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་དུས་སུ། ཚན་རིག་དང་རྩོམ་རིག མི་ཆོས་རིང་ལུགས་ཐད་འབད་བརྩོན་ཆེན་པོ་བྱ་རྒྱུ་སྔར་བས་གལ་ཆེན་པོ་རེད། “འབད་བརྩོན་འདི་དག་གིས་ང་ཚོ་ལ་སྐུལ་མ་གཏོང་བཞིན་ཡོད་ལ། ང་ཚོར་མ་འོངས་པའི་རེ་བའང་མཚོན་ཡོད་པ་རེད”ཅེས་གསུངས་པ་རེད།

སྤྱི་ཟླ12པའི་ཚེས10ཉིན་ནི་སུའེ་ཏེན་གྱི་རྫས་འགྱུར་རིག་པ་དང་གསར་གཏོད་རིག་པ་བ་ནོ་པེར་སྐུ་གཤེགས་པའི་ཉིན་མོ་རེད། ལོ་རེའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོའང་ཉིན་འདི་ལ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། ཉིན་དེའི་དགོང་མོའི་ལོ་གཅིག་དུས་གཅིག་གི་ནོ་པེར་བྱ་དགའ་སྤྲོད་པའི་དགོང་ཚོགས་ཀྱང་མེད་པར་བཟོས་ཡོད། ད་ལོའི་ནོ་པེར་བྱ་དགའ་ཁག་གི་བྱ་དགའི་དངུལ་ནི་སུའེ་ཏེན་ཁེ་ལང་ཁྲི1000ཡིན་པ་རེད།།

  • ལེ་ཚན་སྔོན་མ།:2021ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཏོག་གསར་ནད་དུག་འགོག་ཁབ5ནད་ཐོག་ཚོད་ལྟའི་དུས་རིམ་གསུམ་པར་སླེབས།
  • དོ་སྣང་ཆེ་བའི་རྩོམ།