2021ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས།

    མི་དམངས་ཉིན་རེའི་ཚགས་པར།    2020-12-16

《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ12པའི་ཚེས11ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ12པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། 2021ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་སེང་ལ་གསན་པ། 2021ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ཞིབ་འཇུག་བཀོད་སྒྲིག 《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བཅས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། ད་ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། འགྲན་སློང་དྲག་པོ་དང་དཀའ་ངལ་ཆེན་པོའི་མདུན་དུ་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། དུས་བབ་ལ་བརྡར་ཤ་ཡང་དག་གཅོད་པ། ཇུས་འགོད་དང་བཀོད་སྒྲིག་ཚགས་ཚུད་བྱེད་པ། འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ། དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་ཡིད་ཚིམ་པ་དང་འཛམ་གླིང་ཀུན་གྱིས་དོ་ཁུར་བྱེད་པའི་རྒྱུགས་ལན་ཞིག་ཕུལ་ཡོད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོར་འཕར་སྣོན་བྱུང་བའི་དཔལ་འབྱོར་མ་ལག་གཙོ་བོ་གཅིག་པུར་གྱུར་པ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཚན་རྩལ་གསར་གཏོད་ལ་ཡར་རྒྱས་ཆེན་པོ་བྱུང་བ། བཅོས་བསྒྱུར་སྒོ་འབྱེད་ལ་ཚད་བརྒལ་གསར་པ་བྱུང་བ། དམངས་འཚོ་འགན་སྲུང་ནུས་ལྡན་ཐུབ་པ་བཅས་ལས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྟེ་བར་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་ལོའི་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུའི་ལོ་ཞིག་རེད། ལོ5ཡི་རིང་འབད་འཐབ་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་ཆེན་པོ་གསར་པ་ཞིག་ཏུ་སླེབས་པ་དང་། དུས་རབས་གསར་པའི་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཡུལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཐོབ་རེ་ཡོད་པར་བརྟེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱུང་བར་མདུན་སྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད་པ་རེད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་ཐུབ་མོད། འོན་ཀྱང་ཏོག་གསར་གློ་ཚད་རིམས་ནད་དང་ཕྱི་རོལ་ཁོར་ཡུག་ལ་སྔར་བཞིན་གཏན་འཁེལ་མེད་པའི་རང་བཞིན་མང་པོ་གནས་ཡོད་པས། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་པ་བཀོད་སྒྲིག་བྱེད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན། སང་ལོ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ནང་དམིགས་བསལ་གྱི་གལ་ཆེའི་རང་བཞིན་གྱི་ལོ་ཞིག་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

 སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་ཡག་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིས་བརྗོད་དོན་གཙོ་བོར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། བཅོས་བསྒྱུར་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱ་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་དམ་འཛིན་ནན་པོ་བྱེད་པ་དང་དུས་མཚུངས། དགོས་མཁོའི་ཕྱོགས་ཀྱི་བཅོས་བསྒྱུར་ལ་དོ་སྣང་བྱེད་པ་དང་། འགག་གནད་སེལ་བ། ཞན་ཆ་སེལ་བ། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་གཙོ་གནད་སོ་སོ་ལ་ཁྱབ་པ་བྱེད་པ། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གསར་སྐྲུན་བྱེད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས། རྒྱལ་དམངས་དཔལ་འབྱོར་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏང་དགོས། བཅོས་བསྒྱུར་སྒོ་འབྱེད་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཆགས་པར་བྱེད་པ། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྒེར་སྡེམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་རྒྱུ་སྔོན་འགོག་བྱེད་པ། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་དུ་ལེགས་སུ་གཏོང་བ་བཅས་བྱ་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱག་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བསམ་གཞིག་དང་སྐུལ་འདེད་གཏོང་མཁས་པ་དང་། ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་གོམས་བྱང་ཅན་དུ་འགྱུར་བར་འབད་བརྩོན་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ས་གནས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་སྙིང་རུས་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་དུ་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ། ཆབ་སྲིད་སྐོར་གཟིགས་ཀྱི་འགན་ནུས་སྒྲུབ་པ་དང་འགན་འཁྲི་ཏན་ཏིག་འཁུར་བ། “ཐབས་རྣམ་བཞི”གང་ལེགས་སྤྱོད་པ། སྒྲིག་བསྟར་ཁྲིམས་བསྟར་གནད་སྨིན་ནུས་ལྡན་ཐུབ་པ་བཅས་བྱ་དགོས།

ཚོགས་འདུའི་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལོ་ལྔའི་འཆར་གཞི་བཅུ་བཞི་པར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་སྦྲགས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བཅས་ལ་བླང་བྱ་གསར་པ་བཏོན་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤེལ་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་བཅས་བྱེད་དགོས་པའི་ནན་གསུང་གནང་བ་རེད། ད་དུང་ཚོགས་འདུའི་ཐོག་དོན་གནད་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

  • ལེ་ཚན་སྔོན་མ།:བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་འཆར་འགོད་ཀྱི་རིག་གཞུང་དཔྱད་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:2020ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་དྲྭ་ཐོག་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།