2017-10-17
(སྤྱི་ལོ2017ལོའི་ཟླ་བ10པའི་ཚེས14ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བ།)
ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ་སྤྱི་ལོ2017ལོའི་ཟླ10པའི་ཚེས11ཉིན་ནས14ཉིན་གྱི་བར་པེ་ཅིང་དུ་འཚོགས་པ་རེད།
ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་ཨུ་ཡོན191དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན141ཡོད་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན་པེ་ཅིན་དུ་འཚོག་རྒྱུའི་གཏན་འབེབས་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་ལ་གསན་པ་དང་དེར་གྲོས་བསྡུར་གནང་ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་འབུལ་རྒྱུའི་སྙན་ཞུར་གྲོས་བསྡུར་གནང་བར་མ་ཟད་གྲོས་འཆམ་བྱུང་ཡོད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་འབུལ་རྒྱུའི་ལས་དོན་སྙན་ཞུར་གྲོས་བསྡུར་གནང་ནས་གྲོས་འཆམ་བྱུང་བ། ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་གནང་ནས་གྲོས་འཆམ་བྱུང་ཡོད་ཅིང་། གོང་སྨོས་ཀྱི་ཡིག་ཆ་གསུམ་པོ་དེ་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞིབ་བཤེར་དང་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་འབུལ་རྒྱུའི་སྙན་ཞུའི་གྲོས་བསྡུར་མ་ཟིན་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་དང་། ལེའུ་ཡུན་ཧྲན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་བསྡུར་མ་ཟིན་ཐད་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་། མགྲིན་དབྱངས་གཅིག་ཏུ་ལོ་གཅིག་གི་རིང་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་གནང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེ་བའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གནང་བ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་བ། བརྟན་པོའི་ཁྲོད་ཡར་བརྩོན་བྱེད་པའི་ལས་ཀའི་བྱེད་ཕྱོགས་གཙོ་བོ་རྒྱུན་འཁྱོངས་གནང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་གཅིག་གྱུར་བཀོད་སྒྲིག་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་ཁྱབ་ཚུལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།
གོང་འཕེལ་གསར་པ་དང་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པ། བཅོས་བསྒྱུར་འགག་གཏོར་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ། ཉེན་ཁ་དང་འགྲན་སློང་ཁག་ལ་ཁ་གཏད་ནུས་ལྡན་གཅོག་པ། སྤྱི་ཁོག་ཚོད་འཛིན་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ། འཕར་སྣོན་བརྟན་པོ་དང་། བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ངང་ཡག་པོ་བསྒྲུབས་པ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དམག་དཔུང་བཅོས་བསྒྱུར་དང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ཤང་ཀང་དང་ཨའོ་མེན་ལས་དོན་དང་། ཐའེ་ཝན་ལ་འཛིན་པའི་ལས་དོན་ཧུར་ཐག་སྒོ་ནས་བསྒྲུབས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཁྱོན་ཡོངས་ནས་སྤེལ་བ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ལས་དོན་ཁག་ཏན་ཏིག་བསྒྲུབས་པ། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་འཚོགས་བྱ་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཚོགས་ཚུན་གྱི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་གནང་ཡོད། ཚང་མས་མགྲིན་གཅིག་ཏུ་ལོ་འདི་ལྔ་ནི་ཏང་དང་རྒྱལ་ཁབ་གོང་འཕེལ་གྱི་འཕེལ་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ཞིང་། བཅོས་བསྒྱུར་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཀའ་སྤྱད་འབད་འཐབ་དང་གསར་གཏོད་ཡར་བརྩོན། སྙིགས་དོར་གསར་བཙུགས་དང་ཧུར་བརྩོན་རྒྱལ་སྐྱོང་གནང་བ། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་སེམས་ཆེན་པོའི་ཐོག་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེ་བའི་འཐབ་རྩོད་གནང་བ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་གནང་བ། གལ་ཆེའི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་བ། གལ་ཆེའི་བྱེད་ཐབས་རབ་དང་རིམ་པ་བཏོན་གནང་བ། གལ་ཆེ་བའི་ལས་དོན་རབ་དང་རིམ་པར་སྐུལ་འདེད་བཏང་བ་བཅས་བྱས་པས་ཡུན་རིང་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་ཐག་གཅོད་ཐུབ་པ་དང་། དེ་སྔ་བསྒྲུབ་བསམ་རུང་བསྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཐུབ་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་གལ་ཆེའི་འགག་གཏོར་ཐུབ་པ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་གོམ་སྟབས་གལ་ཆེན་སྤོས་པ། བསམ་བློ་རིག་གནས་འཛུགས་སྐྱོང་ལ་འཕེལ་རིམ་གལ་ཆེན་ཐོན་པ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པ། ཤང་ཀང་དང་། ཨའོ་མེན། ཐའེ་ཝན་བཅས་ཀྱི་ལས་དོན་ལ་འཕེལ་རིམ་གསར་པ་ཐོན་པ། ཕྱི་འབྲེལ་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་གཏིང་ཟབ་སྤེལ་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཏང་གི་གསར་སྐྲུན་ནུས་ཤུགས་དང་། གོང་བུ་གཅིག་ཏུ་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས། འགོ་ཁྲིད་ནུས་པ། འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ། མི་དམངས་ཀྱི་ཐོབ་ཚོར་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཁྱོན་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། ལོ་ལྔའི་རིང་གི་འཕོ་འགྱུར་ནི་བང་རིམ་གཏིང་ཟབ་པ་དང་རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དེ་དག་གི་ཐོག་ནས་རང་རྒྱལ་གྱི་གོང་འཕེལ་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་མཚོན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཕྱོགས་སྡོམ་གནང་ཡོད། ཚང་མས་མགྲིན་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེ་བའི་འགོ་ཁྲིད་འོག རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྷག་བསམ་རྣམ་དག་ངང་ཏང་གི་སྒྲིག་ཡིག་ནང་བསྟན་པའི་འགན་འཁྲི་ལག་བསྟར་བྱས་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་བཏང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། རྒྱུན་བསྲིངས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པ། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ནན་པོ་བཟོས་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། སྐོར་ཞིབ་ཀྱི་ནུས་པ་འདོན་སྤེལ་བྱས་པ། སྒྲིག་ཁྲིམས་མདུན་དུ་བཞག་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་རྣམ་པ་བཞི་བེད་སྤྱོད་ཡག་པོ་བྱས་པ། སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་བྱས་པ། ཏང་ཐུགས་བློ་བདེ་བ་དང་མི་དམངས་ནས་ཡིད་ཆེས་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་བཙུགས་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ། རུལ་སུངས་རྒྱ་ཡན་དུ་འགྲོ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གཙང་མ་བཟོས་པ་བཅས་བྱས་ཡོད་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གནོན་པའི་རང་བཞིན་གྱི་གནས་བབ་ཆགས་པར་མ་ཟད་སྲ་བརྟན་དང་གོང་འཕེལ་བྱུང་ཡོད་པའི་ངོས་འཛིན་གནང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཚུའེ་པོ་དང་། ཧྲུའུ་ཞའོ་ཆིན། མ་ཧྲུན་ཆིང་། ཝང་ཅན་ཅུན། ལི་ཆང་། ཁྲེན་ཝུ། ཁྲེན་མིང་མིང་། ཀྲའོ་ལི་ཞོང་། ཀྲའོ་ཧྲུའུ་ཚོང་། ཏོན་ཁྲུན་ཧྭ། བློ་བཟང་རྒྱལ་མཚན་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་སྣོན་བྱ་རྒྱུའི་གཏན་འབེབས་གནང་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སུན་ཀྲེང་ཚའེ་དང་། ཧོང་ཤིང་གོ། ལི་ལི་གོ སུན་ཧའེ་ཧྲན། ཝུ་ཨེ་དབྱིང་། སུའུ་ཧྲུའུ་ལིན། ཡང་ཧོན་ཉིང་། ཝང་སན་ཡུན། ཤང་ཅུན་པོ། ལི་ཡུན་ཧྥུང་། ཡང་ཁྲོང་ཡོང་། ཀྲང་ཞི་ཝུ། རྨོ་ཅན་ཁྲེང་བཅས་ཀྱིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཝང་ཅན་ཕིང་དང་ཐན་ཤུའུ་སི་གཉིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་ཡོད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུང་ཀྱིས་དེའི་གོང་དུ་སུན་ཀྲེང་ཚའེ་དང་ཧོང་ཤིན་གོ སུན་ཧའེ་ཧྲན། ཝུའུ་ཨེ་དབྱིང་། སུའུ་ཧྲུའུ་ལིན། ཝང་སན་ཡུན། ཤང་ཅུན་པོ། ཝང་ཅན་ཕིང་། ཐན་ཤུའུ་སི། ལི་ཡུན་ཧྥུང་། ཡང་ཁྲོང་ཡུང་། རྨོ་ཅན་ཁྲེང་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ། ལི་ལི་གོ་དང་ཡང་ཧོན་ཉིང་ཏང་གི་སྐྱིད་སྡུག་ནང་བཞག་ནས་ལྟ་ཞིབ་ལོ་གཉིས་བྱ་རྒྱུའི་ཆད་པ་བཅད་པ། ཀྲང་ཞི་ཝུ་ཏང་ནང་ཁུལ་གྱི་གོ་གནས་ཕབ་རྒྱུའི་ཆད་པ་བཅད་པ་བཅས་ངོས་བཟུང་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག རང་རེའི་ཏང་ནི་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་ཙམ་ཡོད་པའི་ཏང་ཆེན་པོ་ཞིག་ཡིན་པ་དང་། མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ལ་འགོ་ཁྲིད་གནང་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྲིད་འཛིན་ཏང་ཞིག་ཡིན། གལ་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མེད་པ་དང་། དོ་ནན་གྱི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་མེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་བཅས་མེད་པ་ཡིན་ན་གསར་གཏོད་བྱེད་ཤུགས་དང་གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་མེད་པར་འགྱུར་རྒྱུ་དང་། སྲིད་འཛིན་གྱི་རྨང་གཞི་དང་སྲིད་འཛིན་གྱི་ནུས་པ་མེད་པར་འགྱུར་ནས་མི་དམངས་དང་ཚབས་ཆེའི་ཁ་བྲལ་ཏེ་མི་དམངས་ལ་འགོ་ཁྲིད་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་ཁྲི་ལྗིད་པོ་འཁུར་མི་ཐུབ་པ་ཆགས་རྒྱུ་རེད། ཏང་ཡོངས་ནས་ངེས་པར་དུ་ཆབ་སྲིད་འདུ་ཤེས་དང་གནས་བབ་ཧྲིལ་པོའི་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་བརྟན་པོ་འཛུགས་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད།
ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ། ཏང་གིས་ལས་དོན་ཐ་དག་ལ་འགོ་ཁྲིད་བྱ་རྒྱུ་འགན་ལེན་དང་། ཏང་གིས་ཁྱོན་ཡོངས་གནས་བབ་ལ་བཀོད་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱ་རྒྱུར་འགན་ལེན་བྱ་དགོས། ངེས་པར་དུ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་བཅས་ལ་གཡོ་འགུལ་མི་ཐེབས་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ས་གནས་དང་སྡེ་ཁག་གི་ལས་དོན་གང་ཡིན་རུང་ངེས་པར་དུ་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་སྔོན་འགྲོར་འཇོག་དགོས། ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་བྱས་ཏེ། སེམས་ནང་ཏང་ཡོད་པ་དང་སེམས་ནང་མི་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྡོམ་སྲུང་ཡོད་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྟན་ཤུགས་དང་སྒྲིག་ཁྲིམས་ཀྱི་བརྟན་ཤུགས། ཀུན་སྤྱོད་ཀྱི་བརྟན་ཤུགས། རུལ་སུངས་འགོག་པའི་བརྟན་ཤུགས་བཅས་ཆེ་རུ་འགྲོ་བ་བཅས་བྱས་ཏེ། རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། ཏང་ཡོངས་ལ་མིག་དཔེ་སྟོན་དགོས།
ཚང་འཛོམས་གྲོས་ཚོགས་ཐོག མིག་སྔའི་དུས་བབ་དང་ལས་འགན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་གནང་བ་དང་། དུས་བབ་གསར་པའི་འོག་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེའི་འཐབ་རྩོད་དང་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེའི་ལས་གཞི་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། མི་རིགས་བསྐྱར་དར་གྱི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བའི་གལ་ཆེའི་གནད་དོན་འགའ་ཞིག་ལ་གྲོས་བསྡུར་གཏིང་ཟབ་གནང་སྟེ་ཏང་གི་སྐབས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐོང་འཚོག་བྱ་རྒྱུར་གྲ་སྒྲིག་གང་ལེགས་གནང་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10