གངས་སྐྱིད་ཀྱིས་བསྒྱུར། 2017-10-16
ཞིན་ཧྭ་གསར་འགྱུར་ཁང་ཧྥུ་ཧུའུ་ཧའོ་ཐན་ནས་འབྱོར་བའི་གཏམ་གསར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་ཀྲུང་གོས་གཅིག་གྱུར་གྱིས་བྱེ་བཅོས་ཆུ་བཅོས་དང་དབུལ་སྐྱོར་ཕྱུག་འགྱུར་བྱས་ནས་ཐུན་མོང་དུ་ཁེ་ཕན་ཐོབ་པར་བྱས་ཏེ་དབུལ་ཕོངས་ཀྱི་མི་གྲངས་དེ་བས་མང་པོ་བརྟན་བརླིང་ངང་དབུལ་ཐར་ཡོང་བར་སྐུལ་སྤེལ་བྱ་རྒྱུ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ད་ལྟར་ཀྲུང་གོར་བྱེ་ཐང་ཅན་གྱི་ས་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི261.16ཡོད་པ་དེས་རྒྱལ་སའི་རྒྱ་ཁྱོན་ལས་བརྒྱ་ཆ27.2བཟུང་བ་རེད། རྒྱལ་ཡོངས་ཀྱི་བརྒྱ་ཆ35ལ་ཉེ་བའི་དབུལ་ཕོངས་རྫོང་དང་བརྒྱ་ཆ30ལ་ཉེ་བའི་དབུལ་ཕོངས་མི་འབོར་རྣམས་ནུབ་བྱང་རྒྱུད་ཀྱི་བྱེ་མའི་ས་ཁུལ་དུ་འཚོ་གནས་བྱེད་བཞིན་ཡོད་པ་རེད། བྱེ་མའི་ས་ཁུལ་ནི་ཀྲུང་གོའི་སྐྱེ་ཁམས་བཅོས་སྐྱོང་བྱ་རྒྱུའི་དཀའ་གནད་ཡིན་ལ། དབུལ་སྐྱོར་འགག་སྒྲོལ་བྱ་རྒྱུའི་གཙོ་གནད་ཀྱང་ཡིན་པ་རེད།
རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཏུང་ཧྲན་གྱིས་བྱེ་ཐང་ཅན་གྱི་ས་ཁུལ་བྱེ་བཅོས་དང་དབུལ་སྐྱོང་བྱ་རྒྱུའི་བར་གྱི་འགལ་བ་ཐག་གཅོད་བྱ་ཆེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་ཀྲུང་གོས་བྱེ་མ་ས་ཁུལ་གྱི་འོད་དང་། ཚ་ནུས། ས་ཞིང་སོགས་ཁྱད་འཕགས་ཀྱི་མཐུན་རྐྱེན་བེད་སྤྱོད་གང་ལེགས་བྱེད་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་བྱས་ནས་བེད་སྤྱོད་བྱེད་པ། ཚན་རིག་དང་མཐུན་ཞིང་བྱེ་མའི་ས་ཁུལ་དང་འཚམ་པའི་འདེབས་འཛུགས་ལས་རིགས་དང་། སྐྱེ་ཁམས་ལྗོངས་རྒྱུ་ལས་རིགས། ལས་སྣོན་ལས་རིགས་ཞིབ་མོ་སོགས་ལྗང་མདོག་དམངས་ཕྱུག་གི་ཐོན་ལས་འཕེལ་རྒྱས་བཏང་སྟེ། བྱེ་མའི་ས་ཁུལ་དེ་སྐྱེ་ཁམས་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཆོག་པའི་ལམ་བུའི་ཐོག་སྐྱོད་པར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་གོས་ད་རུང་བྱེ་འགོག་བྱེད་རིང་ཧུར་ཐག་གིས་ལས་ཞུགས་ཀྱི་གོ་སྐབས་བཙལ་ནས་སྐྱེ་ཁམས་ཀྱི་ནགས་སྲུང་བྱེད་མཁན་མི་སྣའི་གྲངས་ཀ་ཇེ་མང་བཏང་ནས་དབུལ་ཕོངས་དུད་ཚང་དེ་བས་མང་པོས་བྱེ་འགོག་བྱེ་བཅོས་དང་འགོག་སྲུང་ཤིང་ནགས་ལས་གཞི་སོགས་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་ནང་ཞུགས་པར་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ་དེ་ཚོར་ངལ་རྩོལ་ཡོང་འབབ་རག་ཐབས་བྱ་རྒྱུ་རེད། སྔར་ལྷག་གིས་རང་བྱུང་སྲུང་སྐྱོང་ཁུལ་དང་། ནགས་ཚལ་གླིང་ག བྱེ་ཐང་གི་གླིང་ག བྱེ་འགྱུར་ས་ཞིང་བཀག་སྡོམ་བྱས་ཏེ་སྲུང་སྐྱོང་བྱེད་པ་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་བཏང་ནས་ངལ་རྩོལ་མི་ལག་ཡོད་པའི་དབུལ་ཕོངས་མི་འབོར་ལ་ངལ་རྩོལ་ལས་གནས་འདོན་སྤྲོད་བྱས་ནས་ངལ་རྩོལ་ཡོང་འབབ་འཕར་སྣོན་གཏང་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10